མཚན་གུང་གི་མཛའ་གཞས།

༈ མཚན་གུང་གི་མཛའ་གཞས། རྩམ་པ་པོ། ཁ་སྒང་བསམ་གཏན་རྒྱ་མཚོ།
༈ དཀར་གསལ་ཟླ་འོད་མཚོ་ལ་བཏབ་པས།།
མེ་ཏོག་ཆུང་ཆུང་འཛུམ་ཁ་ཕྱེས་སོང་།།
ང་དང་ཞེ་མཐུན་གངས་དཀར་སྒྲོལ་མའི།།
སྔོན་གྱི་ལས་འཕྲོ་ད་དུང་ལྷག་ཡོད།།
སེམས་ཀྱི་སྙིང་གཏམ་ཁྱོད་ལ་བཤད་ན།།
གངས་དཀར་སྒྲོལ་མས་མིན་མིན་མ་གསུངས།།
འཇིག་རྟེན་མི་ཡི་ལམ་ཁ་འདི་ནས།།
ངེད་གཉིས་ལས་ཀྱིས་མཇལ་དགོས་བྱུང་སོང་།།

ཁྱོད་ཀྱི་བརྩེ་བའི་མིག་ཆུ་དྭངས་མོ།།
བདག་གི་དམར་ཆུང་སེམས་དང་འདྲེས་ཡོད།།
ང་ཡི་དུང་ཞེན་སེམས་པ་དམར་པོ།།
ཁྱོད་ཀྱི་གཅེས་པའི་སྲོག་ལ་འཐིམ་ཡོད།།

ང་ཡི་མི་ཚེ་ཁྱོད་ལ་ཕུལ་ན།།
རུང་གི་མ་རེད་མ་གསུངས་རོགས་ལོ།།
ཚེ་སྔོན་ལས་ཀྱི་གོ་སྒྲིག་འདི་ལ།།
འགྱུར་བ་གཏོང་བའི་དཔའ་རྩལ་མི་འདུག །

དུང་ཞེན་ཟབ་པའི་ཞོགས་པའི་ཉི་གཞོན།།
རེ་བཞག་སེམས་ངོགས་འདི་ནས་ཤར་སོང་།།
ཉི་མའི་ལང་ཚོ་མ་ནུབ་བར་དུ།།
ཁྱོད་ལ་སྒུག་གོ་གངས་དཀར་སྒྲོལ་མ།།

1 comment:

  1. དྲྭ་བདག་ལགས། གུས་པས་གཞས་འདི་དོ་དགོང་ཐེངས་ཤིག་གཏོང་གི་ཡིན་ལགས་ན། དགོངས་འཁྲོལ་ཡོང་བར་ཞུ།
    གཏང་ཡུལ། ཉལ་ཁྲིའི་སྟེང་།
    ཟུར་ཉན་པ། སྐུ་མགྲོན་གཙོ་བོ་བྱུ་ལུ་མས་དབུས་པས། སྐུ་མགྲོན་འདྲེ་ཞིག་རྣམ་པ།
    གཏང་དུས། དེ་རིང་དགོང་མོའི་ཆུ་ཚོད་བཅུ་གཅིག་ཏག་ཏག་ལ།
    ཧཧཧཧཧ་་་་དྲ་བདག་ལགས་ཀྱིས་གུས་པར་ཕན་ཐོགས་རླབས་ཆེན་ཞིག་བྱུང་ལགས་པས། སྙིང་ནས་ཐུགས་རྗེ་ཆེ་མཚོན་ཆེད་དུ།

    ལྷོ་ཕྱོགས་ཀྱི་ལྷག་དཀར་ལས་འགུལ་བ་དེས།

    ReplyDelete