བུ་མོ་སྒྲོལ་མ།

༈ བུ་མོ་སྒྲོལ་མ།     རྩོམ་པ་པོ། ཁ་སྒང་བསམ་གཏན་རྒྱ་མཚོ།
བུ་མོ་སྒྲོལ་མའི་ལང་ཚོ་གངས་ཡིན།།
གངས་ལྷ་མེ་ཏོག་འདབ་མ་བཀྲ་ཡོད།།
མཛེས་པའི་འདབ་མ་རླུང་ལ་མ་བསྐུར།།
རྒྱང་རིང་སྙིང་གི་བྱམས་པར་སྒུག་ཡོད།།
བུ་མོ་སྒྲོལ་མའི་དམ་བཅའ་རྡོ་ཡིན།།
རྡོ་ལ་མ་ཎི་ཡིག་དྲུག་བརྐོས་ཡོད།།
མ་ཎི་དྲུག་མའི་དབྱངས་རྟ་མ་འགག །
རྒྱང་རིང་སྙིང་གི་བྱམས་པར་སྒུག་ཡོད།།

བུ་མོ་སྒྲོལ་མའི་ལ་རྒྱ་དར་ཡིན།།
དར་ལྕོག་དཀར་པོ་རི་ལ་བཙུགས་ཡོད།།
དར་སྣེ་མདུད་པ་རླུང་གིས་མ་བཅད།།
རྒྱང་རིང་སྙིང་གི་བྱམས་པར་སྒུག་ཡོད།།

བུ་མོ་སྒྲོལ་མའི་ལས་དབང་གཉོམ་པོ།།
དྲག་ཆར་རླུང་གི་གསེབ་ན་གནས་ཡོད།།
རེ་བའི་སྲོག་གི་དྲོད་ཁོལ་མ་ཉམས།།
རྒྱང་རིང་སྙིང་གི་བྱམས་པར་སྒུག་ཡོད།།

No comments:

Post a Comment