བུ་ཆུང་ཚེ་རིང་དོན་འགྲུབ།

༈ བུ་ཆུང་ཚེ་རིང་དོན་འགྲུབ། རྩོམ་པ་པོ། འབའ་སྲས།
༈ ཁྱོད་འཇིག་རྟེན་གྱི་མིག་ཟུང་དང་པོ་ཕྱེས་དུས།
ཕ་ལོ་ང་ཁྱོད་ཀྱི་མདུན་དྲུང་དུ་ལངས་ཡོད།
ཁྱོད་མི་ཚེ་ཡི་གོམ་པ་དང་པོ་སྤོ་དུས།
ཕ་ལོ་ངས་ཁྱོད་ཀྱི་ལག་མགོར་འཇུས་ཡོད།

བུ་ཆུང་ཚེ་རིང་དོན་འགྲུབ།
ཁྱོད་མར་མེ་བཞིན་འོད་སྣང་གིས་འཚེར་ཡོང་དུས།
ཕ་ལོ་ངའི་མིག་གིས་ཁྱོད་ལ་བལྟས་ཡོད།
ཁྱོད་ནར་སོན་པའི་གོམ་པ་རང་གིས་སྤོ་དུས།
ཕ་ལོ་ངའི་ཡིད་ཆེས་ཁྱོད་ལ་གཏད་ཡོད།

བུ་ཆུང་ཚེ་རིང་དོན་འགྲུབ།
ཁྱོད་ངའི་སེམས་ཁོང་ནས་མི་ཡུལ་ལ་འགྲིམ་དུས།
ཕ་ལོ་ངའི་སྐྱོ་སེམས་མཆི་མས་གསོས་ཡོད།
ཁྱོད་ངའི་མིག་ཀོང་དུ་སྐར་མདའ་བཞིན་ལྷུང་བར།
ཕ་ལོ་ངའི་རེ་སྒུག་རུས་རྐང་ལ་བརྐོས་ཡོད།

No comments:

Post a Comment