མཛའ་མོ་དྲན་པའི་གླུ་དབྱངས།

༇། །མཛའ་མོ་དྲན་པའི་གླུ་དབྱངས། རྩོམ་པ་པོ།ཏྲེའུ་སྐལ་བཟང་།
མོག་མོག་ཟླ་འོད་འོག་གི། ། དངས་གསལ་ཆུ་ཕྲན་འགྲམ་ནས།།
ང་དང་སྙིང་སྡུག་མཛའ་མོའི། །འདས་སོང་ལོ་ཟླ་དྲན་སོང་།།
སྔོ་ལྗང་ཤིང་ལོའི་གསེབ་ནས། །བྱེའུ་ཆུང་གསུངས་སྙན་རེ་རེ།།
གྲང་བསིལ་རླུང་བུ་རེ་རེ། །མཛའ་མོ་དྲན་པའི་སྐྱོ་རོགས།།

དགའ་བའི་མེ་ཏོག་མཚོ་མོ། །དྲན་པའི་ཁོག་ཏུ་སྦས་ཀྱང་། །
མ་བཅོས་སེམས་ཀྱི་ཟུར་ནས། །སླར་ཡང་འཛུམ་ཞལ་ངོམ་བྱུང་ །

སྡེ་ཆེན་གྲོང་གི་འདབས་ནས། །གཏམ་དང་མི་ཁ་འདྲེས་སོང་། །
ང་དང་ཆུང་འདྲིས་མཛའ་མོའི། །སེམས་དང་སེམས་པ་འདྲེས་སོང་། །

དགའ་བའི་ཆུང་འདྲིས་ཁྱེད་ལ། ། བརྩེ་བའི་སེམས་ཀྱི་ཡིག་ཆུང་ །།
དུང་བའི་ཡི་གེར་བཀོད་ནས། །ཁྱེད་ཀྱི་ཕྱོགས་སུ་སྤྲིངས་ཡོད།།

ཉི་མ་ནུབ་ལ་བཞུད་སོང་། །སྤྲིན་པ་ལྷོ་ལ་བསྐྱོད་སོང་། །
དྲན་པའི་གཞས་ཆུང་ལེན་བཞིན། །མཛའ་མོ་ཁྱེད་ལ་སྒུག་ཡོད།།

1 comment:

  1. གཞས་ཚིག་འདི་བོད་ནང་གི་སྡེ་དགེ་གླུ་མ་ཆོས་མགོན་ལགས་ནས་བེད་སྤྱོད་བཏང་ཟིན་པས་དེ་ལུགས་དགོངས་འཇག་ཞུ།

    ReplyDelete