ཨ་ཕ། ཁྱེད་གང་ན་ཡོད།

༈ ཨ་ཕ། ཁྱེད་གང་ན་ཡོད། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
སྐྱིད་འཚོ་བ་རྒྱས་སའི་ཕ་ཡུལ་ནས། །
ས་ཐག་རིང་ཡུལ་ལ་འགྲོ་ཉིན་མ། །
ཞེ་བསམ་པ་ཐོགས་སའི་དྲིན་ཆེན་ཕ། །
དུས་དེང་སང་ས་ཕྱོགས་གང་ན་ཡོད། །

དྲིན་ཕ་མ་མེད་སའི་ས་མཐའ་ནས། །
ཁྱིམ་དྲོན་མོའི་ནང་དུ་ལོག་ཉིན་མ། །
སེམས་བསམ་པ་གཏད་སའི་དྲིན་ཆེན་ཕ། །
དུས་དེང་སང་བསམ་ན་མིག་ཆུ་རེད། །

ཕ་ཁྱེད་རང་འགྲམ་ན་ཡོད་ཉིན་མ། །
སྐྱིད་འཚོ་བའི་ལོངས་སྤྱོད་ངོ་མ་ཤེས། །
དུས་དེང་སང་བསམ་ན་ཡིད་རེ་སྐྱོ། །
ཁ་ཚིག་ལོག་བྱས་པ་འཐོལ་ལོ་བཤགས། །

ཁྱེད་དྲན་པ་ཡུར་ཆུ་འབབ་འབབ་རེད། །
སེམས་སྐྱོ་བ་མུན་ནག་འཁྲིག་འཁྲིག་རེད། །
ལྷ་བླ་མས་ཐུགས་རྗེས་གཟིགས་རོགས་གྱིས། །
ཆོས་དགེ་བས་ལམ་སྣ་འདྲེན་རོགས་མཛོད། །
ཨོྃམཎིཔདྨེཧཱུྃཧྲཱི༔ ཨོྃམཎིཔདྨེཧཱུྃཧྲཱི༔ ཨོྃམཎིཔདྨེཧཱུྃཧྲཱི༔

བོད་ནང་གི་གྲགས་ཅན་གཞས་པ་བཀྲ་ཤིས་ཆོས་འཕེལ་གྱི་རེ་སྐུལ་ལྟར་བྲིས།

No comments:

Post a comment