ལོ་བརྒྱ་མ།

༈ ལོ་བརྒྱ་མ། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
སྤྲིན་དཀར་འདབ་མ་མང་པོའི་མར་ཞབས་ནས། །
སྙིང་གཏམ་མེ་ཏོག་དམར་པོ་གཏོང་བཞག་ཡོད། །
སྲིད་པའི་གངས་ཀྱིས་ལོ་དགུར་མནན་ན་ཡང་། །
སྙིང་གི་དཀྱིལ་ནས་མ་གློད་ལོ་བརྒྱ་མ། །

ཚུར་ཡོང་ཁུ་བྱུག་སྔོན་མོའི་ཉེ་འགྲམ་ནས། །
སྙིང་གཏམ་སྒྲ་དབྱངས་རེ་རེ་སྒུག་བསྡད་ཡོད། །
ཆར་རླུང་ཉིན་མཚན་བཅོ་བརྒྱད་བཏང་ན་ཡང་། །
སྙིང་གི་དཀྱིལ་ནས་མ་བརྗེད་ལོ་བརྒྱ་མ། །

མེ་ཏོག་གེ་སར་བཞད་པའི་ཟ་ཟུར་ནས། །
ཞལ་རས་དུང་གི་ཟླ་བ་དྲན་སྡོད་ཡོད། །
སྤྲིན་ནག་ངར་མས་ཟླ་དགུར་བསྒྲིབས་ན་ཡང་། །
སྙིང་གི་དཀྱིལ་ནས་མ་བོར་ལོ་བརྒྱ་མ། །

མཐོན་མཐིང་གོས་སུ་གྱོན་པའི་ནམ་མཁའ་ནས། །
སྐར་མ་སྨིན་དྲུག་བཞིན་དུ་ཤར་སྡོད་ཡོད། །
རྒྱུ་སྐར་འབུམ་གྱིས་འོད་ཟེར་ངོམ་ན་ཡང་། །
སྙིང་གི་དཀྱིལ་ནས་མ་ནོར་ལོ་བརྒྱ་མ། །

No comments:

Post a Comment