དུག་རླངས་འཐིམ་པའི་སྤྱི་ཚོགས།

༄།། དུག་རླངས་འཐིམ་པའི་སྤྱི་ཚོགས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
དེང་སང་རྣ་བའི་རྩ་ན་ཁ་རེ་སྦྱར། །
ཁ་ལ་མེ་སྒྱོགས་སྟོང་གི་མཐུ་མེད་ཀྱང་། །
དེ་ལ་རྫས་མདེལ་འབུམ་གྱི་ཤུགས་ཡོད་པས། །
ཁྱེད་ཀྱི་ཁ་དེས་ཅི་ཞིག་ཡོག་རྩིས་ཡོད། །
བོད་ལ་བོད་པའི་ལྐོག་གཏམ་ཞེ་རེ་སྐྱོ། །

དེང་སང་མི་རེའི་ཁོག་ན་གདོན་རེ་ཡོད། །
གདོན་ལ་གྲི་མཚོན་སྟོང་གི་མཐུ་མེད་ཀྱང་། །
དེ་ལ་ནད་གདོན་འབུམ་གྱི་ཤུགས་ཡོད་པས། །
ཁྱེད་ཀྱི་ཁ་དེས་སུ་ཞིག་གསོད་རྩིས་ཡོད། །
བོད་ལ་བོད་པའི་འཁོན་འཛིན་ཞེ་རེ་སྐྱོ། །

དེང་སང་ཉིན་མཚན་བར་ན་གཏམ་རེ་ཡོད། །
གཏམ་ལ་ལེགས་ཚོགས་སྟོང་གི་དོན་མེད་ཀྱང་། །
དེ་ལ་ངན་མཚང་འབུམ་གྱི་སྐྱོན་ཡོད་པས། །
ཁྱེད་ཀྱི་ཁ་དེས་ཅི་ཞིག་ཤོད་རྩིས་ཡོད། །
བོད་ལ་བོད་པ་སུན་འདིས་ཞེ་རེ་སྐྱོ། །

༢༠༡༧/༡༡/༡༡ སྤེན་སེང་འཐབ་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ལྟ་ཞོར།

No comments:

Post a comment