བསྐྱུར་ནས་ཐལ།

བསྐྱུར་ནས་ཐལ། རྩོམ་པ་པོ། ཅོ་རི་ཉི་མ།
གཡུ་དྲུག་དཀར་འོ་མའི་ཚོན་མདོག་ཅན།།
སྨན་བུ་མོའི་མགོ་ལ་ལོས་མཛེས་ཀྱང་།།
ཆུང་རྩེད་རའི་ནང་གི་བུ་ཆུང་དེས།།
གཡུ་བུ་མོ་གཉིས་ཀ་བསྐྱུར་ནས་ཐལ།།


སྤང་རྩྭ་ཐང་སྟེང་གི་ཅང་ཤེས་རྟ།།
རྒྱུག་གོམ་རྩལ་ངོམ་དུས་ལོས་སྐྱིད་ཀྱང་།།
ལུས་ཆོས་གོས་ཅན་གྱི་ཕོ་རྒོད་དེས།།
རྟ་གོ་ཁྲབ་གཉིས་ཀ་བསྐྱུར་ནས་ཐལ།།

མཁར་སྨུག་པོ་གླིང་གི་ཕ་མཁར་འདིར།།
ནང་ཕུ་ནུ་འཛོམ་ན་ལོས་སྐྱིད་ཀྱང་།།
གཞིས་འཁོར་བ་སྤངས་པའི་ཤ་ཉེ་དེས།།
ཁྱིམ་ནང་མི་གཉིས་ཀར་བསྐྱུར་ནས་ཐལ།།

No comments:

Post a comment