ང་བོད་པ་ཡིན་པས་བསོད་ནམས་ཆེ།

༈ ང་བོད་པ་ཡིན་པས་བསོད་ནམས་ཆེ།   གཞས་ཚིག་རྩོམ་པ་པོ། བསམ་གཏན་རྒྱ་མཚོ་ལགས

ང་ཡི་སྐྱེས་ཡུལ་གངས་ལྗོངས་ཕྱུག་མོ་ཡིན།།
འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན།།
མ་ཎི་ཡིག་དྲུག་དབྱངས་རྟ་ཐོས་ས་ཡིན།།
ང་རང་བོད་པ་ཡིན་པས་བསོད་ནམས་ཆེ།།


ང་ཡི་བཙན་པོ་སྲོང་བཙན་སྒམ་པོ་ཡིན།།
བཅུ་དྲུག་ལོ་ནས་རྒྱལ་ཁབ་ཆོས་བཞིན་བསྐྱངས།།
སྲིད་ཀྱི་འཁོར་ལོ་མཐའ་བཞིའི་དབུས་སུ་བསྐོར།།
ང་རང་བོད་པ་ཡིན་པས་བསོད་ནམས་ཆེ།།


ང་ཡི་དགེ་རྒན་སློབ་དཔོན་ཐོན་མི་ཡིན།།
གསལ་བྱེད་སུམ་ཅུ་དབྱངས་བཞིའི་ཡི་གེ་མཛད།།
བརྒྱད་ཁྲི་བཞི་སྟོང་ཆོས་སྒོ་འདི་ཡིས་ཕྱེས།།
ང་རང་བོད་པ་ཡིན་པས་བསོད་ནམས་ཆེ།།


ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོ་ཡིན།།
ཕྱག་ན་པདྨོ་འཛིན་པའི་རྣམ་སྤྲུལ་ཡིན།།
འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་ཡིན།།
ང་རང་བོད་པ་ཡིན་པས་བསོད་ནམས་ཆེ།།

3 comments:

  1. ཧ་ཅང་ཡག་གི་ཐུགས་རྗེ་ཆེ།

    ReplyDelete
  2. དཔེ་ཡག་པོ་འདུག ང་གཞས་འདི་ཡང་ནས་ཡང་དུ་ཉན་གྱི་ཡོད།།

    ReplyDelete
  3. དངོས་ནས་ཡག་པོ་འདུག།

    ReplyDelete