གཞོན་པའི་རོལ་དབྱངས།

གཞོན་པའི་རོལ་དབྱངས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
རི་བོ་མཐོན་པོ་ཇོ་མོ་གླང་མ་སྤྲིན་པའི་མཚམས་ནས་གྱེན་དུ་ལངས་སོང་།།
མེས་པོའི་ལོ་རྒྱུས་ཤུལ་བཞག་རིང་མོ་རྒྱ་མཚོ་ཆེན་པོའི་རླབས་དང་འདྲོགས་སོང་།།
དགྲ་བོའི་མནར་གཅོད་ལུས་ལ་ཐིམ་ནས་རུས་པའི་གཏིང་དུ་ཟུག་གཟེར་རྒྱག་བྱུང་།།
རེ་བ་འབུམ་གྱི་ཕྱིར་མིག་ཀློང་ནས་ང་ཚོ་གཞོན་པས་རུ་དཔུང་སྒྲིག་འགྲོ།


ཆེན་པོ་བོད་ཀྱི་ལོ་རྒྱུས་རེ་རེ་ནམ་མཁའི་ཁམས་ནས་འོད་དུ་འཚེར་སོང་།།
ཆོལ་ཁ་གསུམ་པོའི་དམ་ཚིག་གསེང་ནས་དགྲ་བོའི་ན་ཟུག་རུལ་དྲི་ཁ་བྱུང་།།
མེ་ལྕེའི་ནང་གི་བོད་ཀྱི་ལས་དབང་མིག་ཆུའི་ནང་ནས་སེམས་ལ་འབབ་ཡོད།།
རེ་བ་འབུམ་གྱི་ཕྱིར་མིག་ཀློང་ནས་ང་ཚོ་གཞོན་པས་རུ་དཔུང་སྒྲིག་འགྲོ།

གཞོན་པའི་ལང་ཚོ་འོད་དང་བསྡེབས་ནས་ས་གཞིའི་སྟེང་དུ་ཡུག་ཅིག་ཁྱབ་བྱུང་།།
མི་རིགས་སྙིང་སྟོབས་སེམས་ལ་འཕྱུར་ནས་གངས་རི་དཀར་པོ་དཔུང་པས་བཏེགས་སོང་།།
ལག་པའི་ནང་དུ་ལ་རྒྱ་བསྣམས་ནས་སེང་གེ་དཀར་མོའི་དར་ཆ་སྒྲེང་བྱུང་།།
རེ་བ་འབུམ་གྱི་ཕྱིར་མིག་ཀློང་ནས་ང་ཚོ་གཞོན་པས་རུ་དཔུང་སྒྲིག་འགྲོ།
༢༠༡༢་༧་༢༦ ཉིན་འཆམ་ར་དྲི་མེད་རྒྱལ་མཚན་ནས།

No comments:

Post a comment