བརྗེད་མེད།

༈ བརྗེད་མེད།
                          རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
མི་ཚེ་མི་ཡུལ་ནས་རྫོགས་ཀྱང་།།
ལྷ་སའི་ཇོ་བོ་དེ་བརྗེད་མེད།།
ཉལ་བའི་རྨི་ལམ་གྱི་ནང་ནས།།
མིག་ཆུའི་མཆོད་པ་རེ་ཕུལ་ཡོད།།
ཇོ་བོ། ཇོ་བོ། ཇོ་བོ་ཡིད་བཞིན་ནོར་བུ།
གངས་ཅན་བོད་པའི་ལས་དབང་བཅོལ་ས་ཡིན།།

མི་ཡུལ་ས་མཐའ་ལ་སླེབས་ཀྱང་།།
ཕ་སྐད་གཙང་མ་དེ་བརྗེད་མེད།།
ནམ་རྒྱུན་འཚོ་བ་ཡི་ཁྲོད་ནས།།
ལྷད་མེད་བོད་སྐད་རེ་རྒྱག་ཡོད།།
ཕ་སྐད། ཕ་སྐད། ཕ་སྐད་བོད་ཀྱི་བླ་སྲོག།།
རྩམ་གཟན་བོད་པའི་ངོ་བོར་མཚོན་བྱེད་ཡིན།།

མི་རིགས་ཁ་འཐོར་ལ་ཕྱིན་ཡང་།།
ཆིག་སྒྲིལ་སེམས་པ་དེ་བརྗེད་མེད།།
ལ་མོའི་རྒྱབ་མདུན་ལ་བསྡད་ནས།།
རང་ཡུལ་སླར་གསོ་ལ་འབད་ཡོད།།
ཆིག་སྒྲིལ། ཆིག་སྒྲིལ། ཆིག་སྒྲིལ་ནུས་པའི་འབྱུང་གནས།
མགོ་ནག་བོད་མའི་རྟེན་ས་ངོ་མ་ཡིན།།

No comments:

Post a comment