སེམས་ཤུགས་མ་ཆག

༄།། སེམས་ཤུགས་མ་ཆག རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
མགོ་ཐུར་ལ་མ་སྒུར་ཕ་བཟང་བུ།། སེམས་སྐྱ་མོ་སྡུག་གིས་ཚོས་ན་ཡང་།།
སྡུག་ཁུར་པོ་འདི་ལ་འཕོག་རྒྱུ་ཡོད།། ཕ་མེས་པོའི་རྗེས་ན་ཚ་བོ་ཡོད།།
བློ་རིག་པ་སྦྱངས་ནས་ཡོང་བཞིན་ཡོད།།

སེམས་རེ་ཐག་མ་ཆད་ཕ་བཟང་བུ།། དགྲ་ཇག་པའི་མགོ་འཕང་མཐོ་ན་ཡང་།།
མགོ་རིལ་རིལ་ཐང་ལ་ཟག་རྒྱུ་ཡོད།། ཞེ་འཁོན་འཛིན་དམར་པོ་ཁོག་ན་ཡོད།།
རྒྱབ་མྱེ་མདའ་ཁུར་ནས་ཡོང་བཞིན་ཡོད།།

ཁ་ཕྱིར་ལ་མ་བསྐོར་ཕ་བཟང་བུ།།
རྐྱེན་བར་ཆད་ནང་ལ་མང་ན་ཡང་།།
ནང་ཕུ་ནུའི་རྨ་ཁ་སོས་རྒྱུ་ཡོད།།
ཤ་རུས་རྒྱུད་གཅིག་པའི་འབྲེལ་བ་ཡོད།།
ལག་ཁ་དར་འཕྱར་ནས་ཡོང་བཞིན་ཡོད།།

༢༠༡༧/༡༠/༢༦ ཕ་ཡུལ་ཕྱོགས་སུ་ཅེར་ཞོར་དཔའ་རྒོད་ཚོའི་དགྲ་ཤ་མ་ལོན་པའི་གདུང་བ་ཞིག་དང་བཅས།

No comments:

Post a comment