སེམས་ཀྱི་རྒྱང་འབོད།

༄།། སེམས་ཀྱི་རྒྱང་འབོད། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ངའི་ཨ་ཕོ་ས་མཐའི་ཡུལ་ན་ཡོད།། སེམས་བསམ་པ་འདི་ཡི་ཕུགས་ན་ཡོད།།
སེམས་བསམ་པས་ཁ་རྒྱ་ཆོད་ན་ཡང་།། མིག་ཁྲ་ཆུང་མཆི་མས་མི་བཟོད་འདུག།
རྟ་འདོ་དགའ་གཡང་གིས་བསྲུང་རྒྱུ་ཁྱོད།།

རླུང་བསེར་བུ་གཤགས་ནས་རྒྱུག་རོགས་གྱིས།།

ངའི་ཨ་ཞེ་སྡེ་ཆེན་གྲོང་ན་ཡོད།། སྡེ་ཆེན་པོའི་རྒྱ་ལམ་ཟུར་ན་ཡོད།།
སྟོང་སྡེ་བའི་མིག་ལ་ལོབས་ན་ཡང་།། ངའི་གངས་དཀར་སེམས་ལ་མི་ལོབ་འདུག།།
གཡང་ཛམ་བྷ་ལྷ་ཡིས་ཁ་འཛིན་མཛོད།།
རྒྱུ་ལོངས་སྤྱོད་འཛོམས་པའི་བཀྲ་ཤིས་ཤོག།།

ངའི་རོགས་ལོ་རྒྱ་མཚོའི་མཐའ་ན་ཡོད།། འཇའ་འོད་ཟེར་འཕྲོ་སའི་གླིང་ན་ཡོད།།
ཉིན་ཉི་མའི་ཟེར་ཐག་ཆད་ན་ཡང་།། མཚན་ཟླ་བ་རིག་ནས་མི་བཟོད་འདུག།།
རྒོད་ཐང་དཀར་ནམ་མཁའི་སྐར་རྒྱན་ཁྱོས།།
སྒྲོ་གཤོག་པ་ཐེངས་གཅིག་གཡར་རོགས་གྱིས།།

༢༠༡༧/༡༡/༨ སྐྱ་མྱི་ཞིག་གི་འདྲ་པར་ལྟ་ཞོར།

No comments:

Post a Comment