མི་རྟག་པའི་གཉའ་ཤིང་།

༄།། མི་རྟག་པའི་གཉའ་ཤིང་།རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
གཅེས་པའི་ལུས་འདི་རིན་ཆེན་གོས་ཀྱིས་བཏུམས།།
ཞིམ་པོའི་ཟས་ཀྱིས་ཉིན་མཚན་གཉིས་ལ་གསོས།།
རྣམ་ཤེས་འདི་ནས་བྲོས་པའི་ཕྱི་ཉིན་མ།།
རོ་ཞེས་ཡལ་བར་འདོར་བ་ད་ལྟའི་ལུས།།

མགོ་འཕང་མཐོ་དགོས་ཟེར་ནས་དགྱེ་དགྱེ་བྱེད།།
ཁ་ཕོ་ཆེ་དགོས་ཟེར་ནས་འགྱིང་འགྱིང་བྱེད།།
དབུགས་ཀྱི་རྟ་རྔ་ཆད་པའི་ཕྱི་ཉིན་མ།།
རོ་ཞེས་ཐང་ལ་གཡུག་པ་ད་ལྟའི་ལུས།།

ཁ་ངན་བྱས་བྱུང་ཟེར་ནས་སྡང་མིག་བསྒྲད།།
དགྲ་གྱོད་རྩོད་དགོས་ཟེར་ནས་གྲི་འཛིང་བྱེད།།
འཆི་བ་མགོ་ཐོག་ལྷུང་པའི་ཕྱི་ཉིན་མ།།
རོ་ཞེས་བདག་མེད་ལུས་པ་ད་ལྟའི་ལུས།།

༢༠༡༧/༡༠/༢༩ འཆི་བ་མི་རྟག་པ་དྲན་ཞོར།

No comments:

Post a Comment