བུ་རྒོད་ཡོད་ན་ཐོན་ཤོག

༄།། བུ་རྒོད་ཡོད་ན་ཐོན་ཤོག རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
བཙན་པོ་འཐོན་རྒྱུ་མེད་པ་ལོ་རྒྱུས་ནང་གི་མི་རེད།།
རྟ་དམག་རིག་རྒྱུ་མེད་པ་སྔོན་མ་སྔོན་མའི་དཔུང་རེད།།
དགྲ་རྒོལ་སྙིང་སྟོབས་དམར་པོ་བཙན་པོས་ཁུར་སོང་མ་རེད།།
ཕ་ས་རང་ལག་ཡོད་ནས་རྩོད་རྒྱུ་མེད་འདུག་མ་རེད།།
བཙན་པོའི་རྗེས་འཇུག་ཡོད་ན་ད་ནི་ཐོན་ཤོག་ཨ་ཕོ།།

གེ་སར་ཡོང་རྒྱུ་མེད་པ་སྔོན་ནས་གཤེགས་པའི་མི་རེད།།
དཔའ་རྟུལ་མཐོང་རྒྱུ་མེད་པ་སྔོན་ནས་འདས་པའི་བུ་རེད།།
དཔའ་རྩལ་སྣ་དགུ་ཞེས་པ་གླིང་ཚོས་བསྡུས་སོང་མ་རེད།།
དགྲ་ཤ་ལེན་རྒྱུ་མེད་ནས་བོད་པ་འཁྱམ་འདུག་མ་རེད།།
གེ་སར་འདྲ་བོ་ཡོད་ན་ད་ནི་ཐོན་ཤོག་ཨ་ཕོ།།

ཨ་འབྲུག་གོ་རྒྱུ་མེད་པ་དགྲ་བོས་རྨས་པའི་དཔོན་རེད།།
ཆུ་དམག་བསླེབ་རྒྱུ་མེད་པ་ཕུ་ནུས་གཏོར་བའི་དཔུང་རེད།།
བཙན་རྒྱལ་མཐར་སྐྲོད་གཏོང་རྒྱུའི་ལས་ཀ་ཚར་སོང་མ་རེད།།
རང་དབང་རང་བཙན་ཅན་གྱི་རང་རྒྱལ་ཡོད་འདུག་མ་རེད།།
བསྟན་སྲིད་སྲུང་མཁན་ཡོད་ན་ད་ནི་ཐོན་ཤོག་ཨ་ཕོ།།

༢༠༡༧/༡༠/༢༩ དགྲ་བོ་མ་ཐུལ་བའི་ད་ལྟའི་བོད་ལ་སེམས་ཞོར།

No comments:

Post a comment