གཞིས་ཀྱི་བུ་མོ།


༈ གཞིས་སྡོད་བུ་མོ། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
བྱུ་རུའི་མེ་ཏོག་གདོང་ལ་མཛེས་ཤིང་།།
དུང་གི་སེམས་པ་རབ་ཏུ་དཀར་བའི།།
གཞིས་སྡོད་བུ་མོ་ཕྱོགས་འདིར་ཕེབས་པ།།
བཙན་བྱོལ་བུ་ཡི་སྐལ་བ་ཡིན་ནམ།།
སྐྱེ་གཟུགས་གངས་ལྷ་མེ་ཏོག་གསེབ་ནས།།
ཡ་རབས་མཛངས་མའི་དྲི་ངད་འཐུལ་བ།།
སྐྱོ་བ་སྟོང་གིས་དུབ་པའི་སེམས་ལ།།
མི་ཡུལ་ཕྱོགས་ནས་བདུད་རྩིར་གྱུར་སོང་།།

འཛུམ་ཆུང་ཟླ་བ་ཚེས་པའི་སྟེང་ནས།།
ཕ་སྐད་གཙང་མའི་འོད་སྣང་སྤྲོ་བ།།
༧གོང་མ་མཇལ་བའི་མཇལ་རྟེན་ཞིག་དང་།།
སྤུན་ཟླ་འཕྲད་པའི་ལག་རྟགས་ཡིན་ནམ།།

ཞེ་སེམས་འཁྲུགས་པའི་ས་མཐའི་ཡུལ་ནས།།
ཡ་རབས་བོད་མིའི་རྒྱན་གོས་ཕུད་དེ།།
ཁྲེལ་གཞུང་མེད་པའི་གཅེར་རྒྱུག་མ་གནོངས།།
ཁྱེད་རང་མཛེས་པའི་འོད་སྣང་དེ་ཡིན།།

No comments:

Post a Comment