སྣང་ཉམས།

༈ སྣང་ཉམས། རྩོམ་པ་པོ། སྡེ་དགེ་ཀརྨ་རྣམ་དག
སྐྱ་ཁྲ་ཧོར་པས་གཏོར་བའི།།
ཚང་མལ་ས་ལ་འཐོར་འདུག།
རྒྱབ་རིའི་བྲག་དཀར་སྐྱིབས་ན།།
ཕུག་རོན་མཐོང་རྒྱུ་མི་འདུག།

ཡངས་པའི་བར་སྣང་མཐོངས་ན།།
གླག་མོའི་གཤོག་འགྱུ་རྒོད་པ།།
བྱ་ལོང་བསྟར་ཕྲེང་རིང་མོ།།
ཕྱོགས་ནས་ཕྱོགས་སུ་འཐོར་སོང་།།

བསེར་བུ་ལྡང་ཤུགས་ཆེ་བས།།
མེ་ཏོག་ལང་ཚོ་རྙིད་འདུག།
སྦྲང་མ་ཁྲ་བོའི་རྣམ་ཤེས།།
ད་ནི་འཁོར་ས་མི་འདུག།

ས་ཕྱོགས་གང་ལ་བལྟས་ཀྱང་།།
མི་མེད་ལུང་སྟོང་འདྲ་བ།།
སྐྱ་མདོག་སྣང་བ་རེ་རེས།།
སེམས་ཁམས་ལྷག་པར་གྲང་བ།།
སྡེ་དགེ་ཀརྨ་རྣམ་དག་གིས།

No comments:

Post a Comment