སྐྱེ་དགུའི་གོད་ཆག་ལ་ཕུལ་བ།

༈ སྐྱེ་དགུའི་གོད་ཆག་ལ་ཕུལ་བ། རྩོམ་པ་པོ།གནམ་ལྕགས།
རྒྱང་རིང་རྒྱང་རིང་མ་གསུང་།།
རྒྱལ་བ་ཡེ་བཞིན་ནོར་བུའི།།
བྱམས་བརྩེའི་ཕྱག་ཟུང་རིང་མོ།།
གཞིས་ལུས་སྤུན་ཟླར་བསྲིངས་ཡོད།།
 
དྲག་པོའི་ལྕག་ཚན་འཕྱར་ན།།
ཁྱོད་ཀྱི་མགོན་དུ་བྱོན་ཡོད།།
ས་གཞིའི་འབྱུང་བ་འཁྲུག་དུས།།
ཁྱོད་ཀྱི་གདུང་བ་བཏེགས་ཡོད།།

ལས་འབྲས་ལས་འབྲས་མ་གསུང་།།
རྒྱུ་འབྲས་མནོག་པ་ཅང་མེད།།
ལས་དང་རྒྱུ་འབྲས་འཁོར་ས།།
མགོ་ནག་བོད་པ་མ་རེད།།

ན་ནིང་མཚོན་གྱིས་བསད་སོང་།།
ད་ལོར་འབྱུང་བས་བསད་སོང་།།
བདག་གི་ཕུ་ནུ་སྤུན་ཟླ།།
སེམས་པ་སྐྱོ་སྐྱོ་མ་གནང་།།

གོ་ལ་ཟླུམ་པོའི་ཡང་སྟེང་།།
སུམ་གཉིས་ས་ཡི་དཀྱིལ་འཁོར།།
གངས་ལྗོངས་ཁ་བའི་ཞིང་ལ།།
གོད་ཆག་གཅིག་བྱུང་གཉིས་བྱུང་།།

བདག་གི་བཙན་པོའི་བུ་རྒྱུད།།
མགོ་བོ་ཡར་ལ་ཁྱོགས་དང་།།
ཁྱོད་ཀྱིས་མྱོང་བའི་སྡུག་ལ།།
དྭངས་པའི་མཐའ་ཞིག་ལོས་ཡོད།།

No comments:

Post a comment