ཡོལ་བ་མ་ཕྱེ་རོགས།

༄།། ཡོལ་བ་མ་ཕྱེ་རོགས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཕར་གིའི་རི་ལ་རྒྱང་བལྟས་བྱས་ཡོད།།
སེམས་པ་དམར་པོས་གཅེར་རུམ་བྱས་ཡོད།།
སྨུག་པའི་ཡོལ་བ་མ་ཕྱེ་རོགས་གྱིས།།
ཚོར་བའི་ཐིགས་པ་རྒྱག་ཚར་མ་སོང་།།

ཟླ་བ་དཀར་མོ་རྒྱང་ལ་འཆར་བྱུང་།།
ཞལ་རས་གཙང་མ་སེམས་ལ་འཁོར་བྱུང་།།
མུན་པའི་རུམ་སྒོ་མ་ཕྱེ་རོགས་གྱིས།།
ཚོར་བ་དམར་པོ་ཞུ་ཚར་མ་སོང་།།

རྒྱ་སེར་མེ་ཏོག་བཞད་ཁ་བྱེ་བྱུང་།།
མཛེས་པའི་ལང་ཚོ་མིག་ལ་ཐོགས་བྱུང་།།
ཉི་མ་སེར་པོས་བྲེལ་བ་མ་གནོངས།།
ཚོར་བའི་མིག་ཆུ་ཆད་ཚར་མ་སོང་།།

༢༠༡༧/༡༠/༡༩ ཆུ་ཕོར་གང་གི་ཟུར་ནས།


No comments:

Post a comment