སྤྲིན་པར་བསྐུར་བའི་གདུང་དབྱངས།

༈ སྤྲིན་པར་བསྐུར་བའི་གདུང་དབྱངས།
                      ་རྩོམ་པ་པོ་་་ཀླུ་སྨྱོན་ལགས།
དྲིན་ཅན་ཕ་མ་གངས་རིའི་ལྗོངས་སུ་བཞུགས། །
གཅེས་པའི་བུ་ཆུང་མི་ཡི་ལུང་བར་འཁྱམས། །
ཕ་མའི་བྱམས་བརྩེ་དྲན་ནས་མིག་ཆུ་ཤོར། །
ནམ་ཞིག་ཞལ་རས་མཇལ་བའི་སྨོན་ལམ་འདེབས། །

རྩ་བའི་བླ་མ་གངས་རིའི་ལྗོངས་སུ་བཞུགས། །
རྨོངས་པའི་སློབ་ཕྲུག་རྒྱང་རིང་ཡུལ་དུ་འཁྱར། །
བླ་མའི་བཀའ་དྲིན་དྲན་ནས་དད་གུས་འཕེལ། །
ནམ་ཞིག་གསུང་དབྱངས་ཐོས་པའི་སྨོན་ལམ་འདེབས། །

བརྩེ་ལྡན་གྲོགས་མཆོག་གངས་རིའི་ལྗོངས་སུ་བཞུགས། །
ཁྲེལ་མེད་བདག་ནི་གནམ་སའི་མཐའ་རུ་བཞུད། །
གྲོགས་པོའི་མཛའ་བརྩེ་དྲན་ནས་སེམས་པ་སྐྱོ། །
ནམ་ཞིག་ལྷན་འཛོམ་ཡོང་བའི་སྨོན་ལམ་འདེབས། །

ནམ་མཁར་འཕྱུར་བའི་སྤྲིན་པ་དཀར་པོ་ཡ། །
ང་ཡི་ངག་ལས་ཤོར་བའི་གདུང་དབྱངས་འདི། །
བྱང་ཕྱོགས་གངས་རིའི་ལྗོངས་ཀྱི་མཁའ་དབྱིངས་ནས། །
སྦྲང་ཆར་སིལ་མ་བཞིན་དུ་བསྙིལ་བར་མཛོད། །

No comments:

Post a comment