རེ་སྒུག་གི་ཉི་མ།

༈ རེ་སྒུག་གི་ཉི་མ། རྩོམ་པ་པོ། ནང་ཆེན་ཁམས་སྲས། (བོད་འབྱོར།)
ཐག་རིང་རྒྱང་གི་འཛམ་གླིང་ཉི་མ།།
དད་འདུན་ཐལ་མོ་སྙིང་ཀར་སྦྱར་ཏེ།།
གསོལ་འདེབས་རེ་སྨོན་དབྱངས་ལ་གྱེར་བཞིན།།
ནམ་ཕེབས་ཁྱེད་ལ་རེ་སྒུག་བྱས་ཡོད།།

ས་ཡ་དྲུག་གི་ཡིད་བཞིན་ནོར་བུ།།
གྱེས་བྲལ་མྱ་ངན་མིག་ཆུ་འཐོར་བཞིན།།
ཞལ་མཇལ་ཉི་མ་མཛུབ་རྩེར་བགྲང་བཞིན།།
ནམ་ཕེབས་ཁྱེད་ལ་རེ་སྒུག་བྱས་ཡོད།།

བུ་ངས་འཇིག་རྟེན་མི་ཡུལ་འདི་ནས།།
ལྷ་ཕྲུག་གཞོན་ནུའི་མཛེས་སྡུག་ཞལ་རས།།
ཆོས་ཀྱི་རྒྱལ་པོའི་སྙན་འཇེབས་ཚངས་དབྱངས།།
བཀྲ་ཤིས་ཁ་དར་བཟུང་ནས་སྒུག་ཡོད།།

No comments:

Post a comment