ང་མགོ་ཡོམ་འཁོར་བྱུང༌།

༈ ང་མགོ་ཡོམ་འཁོར་བྱུང༌། རྩོམ་པ་པོ། ནང་ཆེན་ཁམས་སྲས།
མི་སྲིང་ཚོའི་ཚེ་སྲོག་གཅོད་བཞིན།།
སྤུན་ཟླ་ཞེས་འཛུམ་མདངས་བསྟན་བྱུང༌།།
ཕ་མཁར་དེ་རྨང་ནས་བཤིག་བཞིན།།
འཛུགས་སྐྲུན་ཅེས་ཁ་ཡག་བཤད་བྱུང༌།།


དད་མོས་ལ་རང་དབང་ཟེར་བཞིན།།
ཆོས་ལུགས་ལ་རྡོག་རྫིས་བཏང་བྱུང༌།།
ཡར་རྒྱས་ལ་ཤུགས་སྣོན་གླེང་བཞིན།།
རོང་འབྲོག་གི་འཚོ་གཞིས་བརླགས་སོང༌།།

རང་སྐྱོང་ཞེས་མཚན་སྙན་བཏགས་བཞིན།།
རང་དབང་ལ་འབུར་འཇོམས་བྱས་སོང༌།།
གནང་སྦྱིན་ཞེས་གད་སྙིགས་སྤུངས་བཞིན།།
ཐོན་ཁུངས་སོགས་ཡོད་ཚད་འཕྲོགས་སོང༌།།

བདེ་འཇགས་ཀྱི་ལས་དོན་ཟེར་བཞིན།།
རྙོག་ཟིང་གི་འཁྲུགས་གཞི་བསླངས་བྱུང༌།།
སྐྱབས་མགོན་ལ་ཁ་བྲལ་ཟེར་བཞིན།།
མི་རིགས་བར་འཁོན་འཛིན་བཞག་སོང༌།།

No comments:

Post a Comment