གོམ་ཆེན་སྤོ།

༈ གོམ་ཆེན་སྤོ། རྩོམ་པ་པོ། སྡེ་དགེ་ཀརྨ་རྣམ་དག
གནམ་སྔོན་པོ་འདི་ཡི་མར་འོག་ན།།
དུས་དེང་སང་མངའ་ཐང་དམའ་ན་ཡང་།།
སེམས་ངར་ཤུགས་མ་ཆག་གངས་ཕྲུག་ཚོ།།
ངེད་ཚང་མ་བཙན་པོའི་གདུང་རྒྱུད་ཡིན།།

ཁོང་དམར་ཆུང་སྙིང་གི་རྩེ་མོ་ན།།
དུས་རིང་ནས་བསགས་པའི་རྣག་ཐུམ་གྱི།།
སྔར་འདས་སོང་ལོ་རྒྱུས་ན་ཟུག་དེ།།
ཚོར་ཤེས་དགོས་གངས་ཕྲུག་གཞོན་རབས་ཚོ།།

བློ་ཤེས་རིག་འགྲན་པའི་དུས་རབས་འདིར།།
རང་བླུན་པོའི་སྣང་བ་མི་མཐོ་བར།།
ད་མ་གཉིད་མ་གཉིད་ཡར་ལ་ལོངས།།
གནའ་དེང་གི་རིག་གནས་ཀུན་ལ་སྦྱོངས།།

ནང་ཕུ་ནུའི་ཟུངས་ཁྲག་མ་གཏོར་རོགས།།
རི་དཀར་པོས་བསྐོར་བའི་ནང་རོལ་དང་།།
རི་དཀར་པོས་ཆོད་པའི་ཕྱི་རོལ་གྱི།།
གདོང་ཁ་མདོག་ཤེས་དགོས་གངས་ཕྲུག་ཚོ།།

གཉའ་མ་སྨད་མགོ་བོ་ཡར་ལ་ཁྱོགས།།
མིག་རིག་རིག་ཅེར་ནས་རྒྱང་ལ་ལྟོས།།
སེམས་མ་ཡེངས་བློ་རྩེ་གྲིམ་གྲིམ་གྱིས།།
ད་མ་འདུག་གོམ་ཆེན་སྤོ་འགོ་ཚུགས།།

No comments:

Post a comment