འཕྲུལ་རྟ་ལ་གཟབ་གཟབ་གྱིས།

༈ འཕྲུལ་རྟ་ལ་གཟབ་གཟབ་གྱིས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཡུན་རིང་བསགས་པའི་དངུལ་གྱིས་འཕྲུལ་རྟ་ཉོ་བའི་དུས་སུ། །
འཕྲུལ་རྟའི་འཕྲུལ་དང་འདྲ་བའི་སློབ་སྦྱོང་རང་ལ་ཡོད་དགོས། །
བྱོལ་སོང་རྟ་ཕོ་ཞོན་པའི་སློབ་སྦྱོང་དེ་ལས་མེད་ན། །
རང་སྲོག་གཅོད་པའི་རལ་གྲི་རང་གིས་ཉོ་བཞིན་ཡོད་སྲིད། །


ཕོ་ཤེད་སེམས་ལ་ཡོད་ཀྱང་འཕྲུལ་རྟ་ལག་པས་གཏོང་དགོས། །
ལག་པའི་དཔུང་ཤེད་རྒོད་ཀྱང་འཕྲུལ་རྟའི་སྐོར་སྟངས་ཤེས་དགོས། །
སྐོར་སྟངས་ཧམ་པས་མི་ཕན་དགེ་རྒན་རྩ་ནས་སྦྱོང་དགོས། །
སྦྱངས་ནས་བྱང་མ་མེད་ན་བདེ་འཇགས་མེད་པ་ཤེས་དགོས། །
འཕྲུལ་རྟའི་ལྡིར་སྒྲ་རེ་རེ། སྙིང་གི་ཚ་ཤར་རེ་རེ། བླ་མ་དཀོན་མཆོག་མཁྱེན། ཁྱོད་སྲོག་མགོ་ཐོན་པར་ཤོག

ཁ་ཕོ་ཡང་བསྡོམས་བྱས་ནས་འཕྲུལ་རྟ་ཤུགས་ཀྱིས་སྐོར་ཡང་། །
མིག་དང་དྲན་ཤེས་མེད་པའི་འཕྲུལ་རྟས་ས་ལ་བརྡབ་ཡོང་། །
མགོ་བོ་དུམ་སེར་བཏོར་ནས་ཁྲག་དམར་ཉིལ་ལེར་ཤོར་ན། །
ཧམ་པ་རྫིག་རྫིག་གཉིས་ཀྱིས་ཁྱེད་རང་བསྐྱབ་ཡོང་མ་རེད། །

རིན་ཆེན་སྲོག་གི་བདག་པོ་ཨ་ཕོ་ཁྱེད་རང་ཡིན་ཀྱང་། །
ཁྱེད་ཀྱི་སྔུན་དང་རྒྱབ་ན་གཟའ་མིའི་ཁ་ཕོར་བཟེད་ཡོད། །
ཁྱེད་ཀྱི་ཕྱི་དང་ནང་ན་གཟའ་མིའི་བརྩེ་གདུང་མངག་ཡོད། །
འཕྲུལ་རྟ་ཕར་ལ་སོང་རྗེས་སྡུག་བསྔལ་ཚུར་ལ་མ་བཞག །
འཕྲུལ་རྟའི་ལྡིར་སྒྲ་རེ་རེ། སྙིང་གི་ཚ་ཤར་རེ་རེ། བླ་མ་དཀོན་མཆོག་མཁྱེན། ཁྱོད་སྲོག་མགོ་ཐོན་པར་ཤོག

༢༠༡༣༩་༢༨ ཉིན།

No comments:

Post a comment