གངས་འདབས་བུ་མོ།

༈ གངས་འདབས་བུ་མོ། རྩོམ་པ་པོ། སྐྱིད་སྲས།
གངས་རིའི་འདབས་ཀྱི་བུ་མོ།།
ཉི་མ་ཟླ་བའི་ཚ་མོ།།
ཉི་ཐིག་སྐྲ་རྩེར་ཟེགས་བྱུང་།།
སླེ་སྐྲ་གསེར་ཆུས་བྱུགས་འདྲ།།

གངས་རིའི་འདབས་ཀྱི་བུ་མོ།།
རྗེ་བཙུན་སྒྲོལ་མའི་སྲས་མོ།།
རྣམ་ཤེས་གངས་ལ་ཐིམ་ཉིན།།
བྱམས་སེམས་ཆབ་ཏུ་སྤྲུལ་ཡོད།།

གངས་རིའི་འདབས་ཀྱི་བུ་མོ།།
མཐིང་སྨུག་སྦྲ་ཡི་བདག་མོ།།
རྨུ་ཐག་གུར་ལ་བབ་ཚེ།།
དད་འདུན་གངས་ལ་བཏབས་ཡོད།།

གངས་རིའི་འདབས་ཀྱི་བུ་མོ།།
གཤིས་རྒྱུད་འོ་མའི་བུ་མོ།།
བརྩེ་བ་འབྲི་མོར་བཅོལ་ཡོད།།
འཚོ་བ་མར་ལས་འཁྲུངས་ཡོད།།

གངས་རིའི་འདབས་ཀྱི་བུ་མོ།།
གངས་ལ་སིམ་པའི་གཙང་ཆབ།
ཞེ་སེམས་སྦྲ་ལ་བཅོལ་ཚེ།།
ཕྱི་ཐག་ཆབ་ལ་འཁྱིལ་ཡོང་།།

No comments:

Post a comment