ཕྱི་རྫིག་ནང་སྟོང་།

༈ ཕྱི་རྫིག་ནང་སྟོང་། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
སྟག་འཛུམ་དྲུག་བརྗིད་རྔམ་ཚ་པོ་མ། །
ཕར་བལྟས་ན་སེམས་ཀྱི་སྙིང་སྟོབས་རེད། །
ཁྱོད་ཡོད་ས་ལྕགས་ཁྲབ་གྲུ་བཞི་རེད། །
དཔའ་སྟོབས་རྩལ་ཆེ་ཡང་བཙོན་པ་རེད། །

སྟག་ཤ་ར་སྣང་བ་མཐོན་པོ་མ། །
ཕར་བལྟས་ན་ལ་རྒྱ་ཡོད་ས་རེད། །
ཁྱོད་ཡོད་ས་བག་ཁང་གྲུ་བཞི་རེད། །
བུ་རྫིག་ཉམས་ཆེ་ཡང་བུ་རུལ་རེད། །

བྱ་ཁྲུང་ཁྲུང་གཟུགས་བྱད་མཛེས་པོ་མ། །
ཕར་བལྟས་ན་ཡིད་སེམས་ཤོར་ས་རེད། །
ཁྱོད་ཡོད་ས་ཆུ་འདམ་གྲུ་བཞི་རེད། །
གཟུགས་ལང་ཚོ་ཡག་ཀྱང་འདམ་ཟན་རེད། །

སྨན་བུ་མོ་ཡིན་མདོག་ཁ་པོ་མ། །
ཕར་བལྟས་ན་ཡིད་སེམས་འཁོར་ས་རེད། །
ཁྱོད་ཡོད་ས་གཞང་ཁང་གྲུ་བཞི་རེད། །
གཟུགས་སྐྱེ་ལོ་ཡག་ཀྱང་ལུས་ངན་རེད། །
༢༠༡༤་༤་༡༤ ཉིན།

No comments:

Post a comment