ང་ཚོས་གཅེས་སྐྱོང་བྱ་དགོས།

༈ ང་ཚོས་གཅེས་སྐྱོང་བྱ་དགོས། རྩོམ་པ་པོ། མུ་ལ།
མེས་པོས་བཞེངས་པའི་ཕ་མཁར། །
སྐྱབས་མཆོག་བླ་མའི་ཕོ་བྲང་། །
གནས་མཆོག་པོ་ཏ་ལ་འདི། །
ང་ཚོས་གཅེས་སྐྱོང་བྱ་དགོས། །
ཞང་བོད་མེས་པོའི་ཕ་ནོར། །
བོད་པ་ཚང་གི་ནོར་བུ། །
ཐུན་མོང་མིན་པའི་བོད་ཡིག །
ང་ཚོས་གཅེས་སྐྱོང་བྱ་དགོས། །

གོང་མས་བཞག་པའི་སྲོལ་རྒྱུན། །
དམར་ཆུང་སྙིང་ལ་བཟུང་ནས། །
ཆོལ་གསུམ་བོད་པའི་མཐུན་སྒྲིལ། །
ང་ཚོས་གཅེས་སྐྱོང་བྱ་དགོས། །

མེས་པོས་གནང་བའི་གཞིས་ཁྱིམ། །
བརྗིད་ལྡན་སྦྲ་ནག་གྲུ་བཞི། །
བོད་པའི་ཕ་ཁྱིམ་ངོ་མ། །
ང་ཚོས་གཅེས་སྐྱོང་བྱ་དགོས། །
མུ་ལ།

No comments:

Post a comment