ག་རེ་ཐོས་བྱུང་།

༈ ག་རེ་ཐོས་བྱུང་། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཡར་གིའི་རི་རྩེར་བལྟས་པས། །
སྐྱ་རེངས་མར་མར་འཆར་བྱུང་། །
སྐྱ་མདའ་ཐར་ཐོའི་བར་ནས། །
བླ་མའི་གསུང་སྐད་ཐོས་བྱུང་། །

ཡར་གིའི་རི་རྩེར་བལྟས་པས། །
ཉི་ཟེར་མར་མར་འཕྲོས་བྱུང་། །
ཉི་འོད་ཟ་ཟིའི་ཀློང་ནས། །
ཨ་ཕའི་གསུང་སྐད་ཐོས་བྱུང་། །

ཡར་གིའི་རི་རྩེར་བལྟས་པས།།
ཆར་བ་མར་མར་འབབ་བྱུང་། །
ཆར་རླུང་འ་འུར་གསེང་ནས། །
ཨ་མའི་གསུང་སྐད་ཐོས་བྱུང་། །

ཡར་གིའི་རི་རྩེར་བལྟས་པས། །
སྨུག་པ་མར་མར་འཁྲིག་བྱུང་། །
སྨུག་ལོང་རབ་རིབ་གསེང་ནས། །
འབྲི་མོའི་ངུར་སྒྲ་ཐོས་བྱུང་། །

ཡར་གིའི་རི་རྩེར་བལྟས་པས། །
ཟླ་བ་མར་མར་ཚེས་བྱུང་། །
ཟླ་འོད་སབ་སིབ་ཁྲོད་ནས། །
བྱམས་པའི་སྙིང་གཏམ་ཐོས་བྱུང་། །

༢༠༡༥་༡༡་༢༧ ཉིན།

No comments:

Post a Comment