སྣ་དགུ་དགོས།

༄།། སྣ་དགུ་དགོས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཡར་གིའི་རི་ལ་ལ་དགུ་ལུང་དགུ་ཡོད།།
མར་གིའི་ཆུ་ལ་རླབས་དགུ་འཇམ་དགུ་ཡོད།།
མི་ཚེ་འདི་ལ་སྐྱིད་དགུ་སྡུག་དགུ་ཡོད།།
སེམས་པ་འདི་ལ་བཟོད་བསྲན་སྣ་དགུ་དགོས།།

ཕར་གིའི་ལམ་ལ་ཁུག་དགུ་ཐད་དགུ་ཡོད།།
ཚུར་ཀའི་ལུང་པར་ཉིན་དགུ་སྲིབ་དགུ་ཡོད།།
མི་ཚེ་འདི་ལ་དར་དགུ་གོད་དགུ་ཡོད།།
སེམས་པ་འདི་ལ་གུ་ཡངས་སྣ་དགུ་དགོས།།

སྟེང་གི་མཁའ་ལ་དངས་དགུ་འཐིམ་དགུ་ཡོད།།
འོག་གི་ས་ལ་ཐང་དགུ་འབུར་དགུ་ཡོད།།
མི་ཚེ་འདི་ལ་མཐོ་དགུ་དམའ་དགུ་ཡོད།།
སེམས་པ་འདི་ལ་གྲ་སྒྲིག་སྣ་དགུ་དགོས།།

༢༠༡༧/༡༠/༢༥ ཉིན་སྲང་ལམ་དུ་འགྲོ་ཞོར།

No comments:

Post a Comment