ལྔ་བཅུ་ང་དགུ།

༄།། ལྔ་བཅུ་ང་དགུ། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
བྲང་གི་ངོས་ན་ལྔ་བཅུ་ང་དགུ་བྲིས།།
མེས་པོའི་རྣམ་ཤེས་གྲངས་ཀ་འདིའི་ནང་ཡོད།།
རལ་གྲི་ངར་མའི་སོ་ཁ་འདི་ནས་དར།།
ཕ་མེས་ཚེ་སྲོག་མང་པོ་འདི་ནས་གུད།།

སེམས་ཀྱི་ངོས་ན་ལྔ་བཅུ་ང་དགུ་ཐོགས།།
དགྲ་བོའི་མནར་གཅོད་གྲངས་ཀ་འདིའི་ནང་ཡོད།།
ཕ་ས་དྲོན་མོ་ཁྲག་གིས་འདི་ནས་གཡོག།
ས་མཐའི་འཚོ་བ་སྐྱུར་མོ་འདི་ནས་ཚེས།།

ལྕེ་ཡི་ངོས་ན་ལྔ་བཅུ་ང་དགུ་སྐྱོར།།
རང་བཙན་ཤོར་བའི་གྲངས་ཀ་འདིའི་ནང་ཡོད།།
ཤི་བོའི་རེ་བ་དམར་པོ་འདི་ནས་བཅོལ།།
གསོན་པོའི་ན་ཟུག་སྡུག་མོ་འདི་ནས་ལྡང་།།

༢༠༡༧/༡༠/༢༣ ལམ་ངོགས་སུ་འགྲོ་ཞོར་ ༡༩༥༩ དྲན་པའི་གདུང་བ་ཚད་མེད་པ་ཞིག་དང་བཅས།

No comments:

Post a Comment