སླེབས་བྱུང་།

༈ སླེབས་བྱུང༌། རྩོམ་པ་པོ། ནང་ཆེན་ཁམས་སྲས།
རྩོམ་པ་པོ། ནང་ཆེན་ཁམས་སྲས།
གདོང་ལྔའི་རྒྱལ་དར་འཕྱར་བཞིན་སླེབས་བྱུང༌།
ཞི་བདེའི་ཁ་གཡང་སྒྲོག་བཞིན་སླེབས་བྱུང༌།
པོ་ཏ་ལའི་གཟི་བྱིན་ལ་མིག་ཟུང་ཅེར་ཏེ་སླེབས་བྱུང༌།
འབོད་བཞིན་པའི་ཚིག་འབྲུ་རེ་རེ་ནི་རང་དབང་དང་འདྲ་མཉམ་ཡིན་ལ།
བསམ་བཞིན་པའི་ཆོད་སེམས་རེ་རེ་ནི་རྒྱལ་གཅེས་དང་རིགས་ཞེན་རེད།


སྐུ་ལུས་མེ་རུ་སྒྲོན་བཞིན་སླེབས་བྱུང༌།
སྙིང་སྟོབས་སྤོབས་པས་ཁེངས་ཏེ་སླེབས་བྱུང༌།
བཙན་འཛུལ་གྱི་དྲག་ཤུགས་ལ་ངོ་ཚ་སྟེར་བཞིན་སླེབས་བྱུང༌།
འབར་བཞིན་པའི་མེ་ལྕེ་རེ་རེ་ནི་ཤེས་རབ་དང་བདེན་དོན་ཡིན་ལ།
འཚིག་བཞིན་པའི་ཚག་སྒྲ་རེ་རེ་ནི་ཕུགས་བསམ་དང་རེ་འདུན་རེད།

རང་སྲོག་འབེན་ལ་བཙུགས་བཞིན་སླེབས་བྱུང༌།
མེ་མདའི་སོ་ཁར་ལྕེབས་ཏེ་སླེབས་བྱུང༌།
མི་རིགས་ཀྱི་ལས་དབང་ལ་གདུང་སེམས་བསྐྱེད་བཞིན་སླེབས་བྱུང༌།
གྲགས་བཞིན་པའི་ངུ་སྒྲ་རེ་རེ་ནི་ཤི་གསོན་དང་ཐོབ་ཤོར་ཡིན་ལ།
བཞུར་བཞིན་པའི་མིག་ཆུ་རེ་རེ་ནི་ན་ཟུག་དང་སྡུག་ཡུས་རེད།

3 comments:

  1. དེང་སེང་གཞས་ཚིག་ཉམས་སོང་འདུག་ག

    ReplyDelete
  2. གཞས་ཚིག་མེད་ན་དྲ་བ་སྟོང་པ་རེད། ཧཧཧ གཞས་ཚིག་མང་ཙམ་གནང་རོགས།

    ReplyDelete