དགོངས་སེལ་བྲང་གོག་རྔ་རྡུང་།

༄།། དགོངས་སེལ་བྲང་གོག་རྔ་རྡུང་། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཁ་ལ་བཀྲ་ཤིས་བདེ་ལེགས་གཡང་ཞིག་ཆགས།། ལག་ལ་ཕྱིན་ཅི་ལོག་གི་མུན་པ་འཁྲིགས།།
གྲོད་སྤུ་ལྟ་བུའི་ཁ་ནག་འདི་ཚོའི་རིགས།། གོ་ཐལ་ཞིག་གིས་ཁ་དང་སྣ་ཁུངས་ཆོད།།
བཙན་པོའི་བང་སོ་མདུན་ན་བསང་ཞིག་ཐོངས།། 

སྒེར་དོན་རི་རྒྱལ་ལྷུན་པོའི་རྩེ་མོ་ན།། སྤྱི་དོན་རླུང་ལ་སྤུར་བའི་ཤོག་ལྷེ་ཡོད།།
ཤོག་ལྷེའི་ངོས་ནས་ཁྲག་གི་ཐིགས་པ་འཛག། ཡིག་འབྲུའི་གསེང་ནས་རྣམ་ཤེས་འཛེར་ཏེ་ངུ།།
མེས་པོའི་དུར་སྒོར་སོང་ནས་པུས་མོ་ཚུགས།།

ཆོས་ཀྱི་ཁ་བཏགས་སེར་པོའི་ནང་ལོག་ན།།
སྲིད་ཀྱི་རལ་གྲི་རྣོ་པོ་བཏུམས་བསྡད་ཡོད།།
ཁ་བཏགས་སྐེ་ལ་བསྐོན་དུས་གཟབ་གཟབ་གྱིས།།
སྐེ་རུས་རིལ་ལེ་གཅོད་ཡོང་གནམ་སྔོན་པོ།།
སྟོན་པའི་མདུན་དུ་སོང་ནས་བྲང་ཞིག་རྡུངས།།

༢༠༡༧/༡༡/༡༢ དེང་སང་བོད་ཀྱི་སྤྱི་ཚོགས་སུ་ལྟ་ཞོར།

No comments:

Post a Comment