ཕྱིར་ཕེབས་རོགས།

ཕྱིར་ཕེབས་རོགས། རྩོམ་པ་པོ། མུ་ལ་ནས།
གངས་སེང་དཀར་མོའི་ཕ་ས། །
གངས་དཀར་ལྷུན་པོ་མཐོང་དུས། །
གཡུ་རལ་ཅན་གྱི་གངས་སེང་། །
ཡིད་ལ་ཡང་ཡང་དྲན་གི །
ང་ཡི་གངས་སེང་ལགས། ཕྱིར་ཕེབས་རོགས།
གཡུ་ཡི་རལ་བ་གསིག་བཞིན། །
མྱུར་ཏུ་ཕེབས་རོགས།
ཁུ་བྱུག་སྔོན་མོའི་ཕ་ས། །
ཚང་ཚིང་ནགས་ཀླུང་མཐོང་དུས། །
སྐད་སྙན་ལྡན་པའི་ཁུ་བྱུག། །
ཡིད་ལ་ཡང་ཡང་དྲན་གི །
ང་ཡི་ཁུ་བྱུག་ལགས། ཕྱིར་ཕེབས་རོགས།
གསུང་དབྱངས་སྙན་མོ་སྒྲོག་བཞིན། །
མྱུར་ཏུ་ཕེབས་རོགས།

བརྩེ་ལྡན་རྒྱལ་པོའི་ཁྱིམ་གཞིས། །
ཕོ་བྲང་དམར་པོ་མཐོང་དུས། །
ཞི་བདེ་བསུ་བའི་ཨ་ཇོ། །
ཡིད་ལ་ཡང་ཡང་དྲན་གི །
ང་ཡི་ཨ་ཇོ་ལགས། ཕྱིར་ཕེབས་རོགས།
ཞི་བདེ་རང་དབང་ཁྱེར་ནས། །
མྱུར་ཏུ་ཕེབས་རོགས།

No comments:

Post a Comment