དུང་དཀར་མཚོ།

དུང་དཀར་མཚོ། རྩོམ་པ་པོ། མུ་ལ་ནས།
ཁྲོམ་རའི་མི་ཚོགས་ཁྲོད་ན། །
མཛེས་སྡུག་ལང་ཚོ་དར་བའི། །
བུ་མོ་དུང་དཀར་མཚོ་ལ། །
འཕྲད་པས་སྣང་བ་སྐྱིད་སོང་། །

མཛེས་པའི་སྤང་ལྗོངས་ཐང་ན། །
བཅོས་མིན་ཚིག་གསུམ་བཤད་ནས། །
གཅིག་སེམས་གཅིག་ལ་འདྲེས་པས། །
སྙིང་ནས་ཡང་ཡང་དྲན་སོང་། །

རབ་མཛེས་སྙིང་གི་བུ་མོ། །
ཡིད་སེམས་ང་ལ་འཁོར་དང་། །
བཅོས་མིན་སེམས་ཀྱི་སྙིང་གཏམ། །
ཁྱོད་ལ་བཤད་ན་བསམ་བྱུང་། །

བསམ་པའི་ཕུགས་འདུན་མཚུངས་ན། །
འུ་གཉིས་གཞིས་ཁྱིམ་གཅིག་ནས། །
བདེ་སྐྱིད་འཚོ་བ་རོལ་བའི། །
དམ་བཅའ་སྙིང་ནས་གཞག་ཆོག །
མུ་ལ་ནས།

No comments:

Post a Comment