འཁོར་བའི་གཏིང་རྡོ།

༄།། འཁོར་བའི་གཏིང་རྡོ། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
སྐྱེ་གཟུགས་དམར་པོ་འཇའ་ཚོན་འོད་ལ་འདྲེས།།
ལང་ཚོའི་མེ་ཏོག་མཛེས་པའི་ཁུ་བས་སྨྱོས།།
འཇིག་རྟེན་ཡོམ་ཡོམ་སྒུལ་བའི་སྐྲ་རིང་མ།།
ལྕགས་ཀྱུ་བཞིན་དུ་སེམས་ཀྱི་གཏིང་ན་འཁྱུག།།


ཟླ་བའི་ཟུར་ན་སྤྲིན་དཀར་འཕྱུར་བ་བཞིན།།
ཕོན་ཕུང་རྒྱབ་ན་འཕྱོ་བ་སྐྲ་ཡི་ཚོགས།།
གདོང་གི་མཛེས་ཉམས་འདོན་པའི་ཆེད་དུ་འམ།།
མི་སེམས་འཁྲུལ་བ་བྱེད་པའི་ཆེད་དུ་སྤུར།།

མ་བྲིས་དམར་པོའི་སྙིང་ལ་དོད་ན་ཡང་།།
བྲིས་པས་མ་ཚད་འབུར་དུ་བརྐོས་པ་ལྟར།།
བརྐོས་པས་མ་ཚད་འགུལ་ནས་འཐམ་ཡོང་པའི།།
གཟུགས་བརྙན་འདི་དག་འཁོར་བའི་གཏིང་རྡོ་རེད།།

༢༠༡༧/༡༠/༢༠ ཞོགས་ཇ་འཐུང་ཞོར།

No comments:

Post a Comment