སྐྱེ་དགུའི་འགྲོ་ཚོགས་ལ་གྱེར་བའི་ངུ་ངག

༈ སྐྱེ་དགུའི་འགྲོ་ཚོགས་ལ་གྱེར་བའི་ངུ་ངག རྩོམ་པ་པོ།གངས་རིའི་གླིང་བུ།
དགུན་གྱི་ཉི་ཟླ་ཟུང་ནུབ་ཞིང་།།
འོག་གི་ས་གཞི་ཡོངས་འཇིག་པས།།
གནས་ས་བརྟེན་ས་རང་མེད་པའི།།
སྐྱེ་དགུ་འགྲོ་ཚོགས་ལ་སྙིང་རྗེ།།
ལུས་ཀྱི་ཟུངས་ཁྲག་ཀུན་སྐམ་ཞིང་།།
དབུགས་ཀྱི་རྒྱུ་བ་ཡོངས་ཆད་དེ།།
འདར་འདར་སིག་སིག་ངང་སྐྱོད་པའི།།
སྐྱེ་དགུ་འགྲོ་ཚོགས་ལ་སྙིང་རྗེ།།

ལྡོག་མེད་ལས་དབང་གིས་མནར་ཞིང་།།
བརྩེ་མེད་འཆི་བདག་གིས་དེད་དེ།།
མུན་ནག་འཕྲང་རིང་དུ་འགྲིམ་པའི།།
སྐྱེ་དགུ་འགྲོ་ཚོགས་ལ་སྙིང་རྗེ།།

ཤ་རུས་གཅིག་འདྲེས་ཀྱི་ནང་མི།།
ལུས་སེམས་སྐྱོ་སྡུག་གིས་གཙེས་པའི།།
ཉམ་ཐག་སྐྱེ་དགུ་ཡི་ཚོགས་ལ།།
སྣང་གསལ་སྒྲོན་མེ་ཞིག་སྤོར་མཛོད།།

བྲང་གཞུང་འཁྱགས་རོམ་ལ་འབྱར་ཞིང་།།
འགྲིན་པ་ངུ་ངག་གིས་བརྣང་པའི།།
མགོན་མེད་སྐྱེ་དགུ་ཡི་ཚོགས་ལ།།
དྲོད་འཇམ་འོད་ཀོར་ཞིག་སྩོལ་ཤོག།།
དཀའ་སྡུག་སྐྱོ་གདུང་གི་མཆི་མ།།
རྒྱ་མཚོའི་རླབས་རྒྱུན་དང་འདྲེས་བའི།།
ཁེར་རྐྱང་སྐྱེ་དགུ་ཡི་ཚོགས་ལ།།
སྙིང་ནས་རམ་འདེགས་ཤིག་གནང་རོགས།།

སྐྱོ་སྡུག་མྱ་ངན་གྱི་ཐང་ན།།
བློ་སྙིང་ན་ཟུག་གིས་འཐམ་པའི།།
རིགས་གཅིག་སྐྱེ་དགུ་ཡི་འགྲོ་ཚོགས།།
རྣམ་དཀར་དགེ་ཚོགས་ཀྱིས་སྐྱོབས་ཤོག།།

ཕ་མ་ཉེ་རིང་དང་བྲལ་ཞིང་།།
སྡུག་གི་བཙག་རླུང་གིས་ཕྱིད་པའི།།
སྐྱབས་བྲལ་དཔུང་མེད་ཀྱི་སྐྱེ་དགུ །
བྱམས་བརྩེ་ཕྱག་ཟུང་གིས་སྐྱོང་ཤོག།།

No comments:

Post a comment