བོད་མིའི་སྐྱིད་སྡུག་མཉམ་མྱོང་།

༆།།བོད་མིའི་སྐྱིད་སྡུག་མཉམ་མྱོང་།། རྩོམ་པ་པོ།ཏྲེའུ་སྐལ་བཟང་།
མིག་དང་རྣ་བ་མེད་པའི་སྔོ་བསངས་འོག།
ལས་དང་རླུང་རྟ་རྒུད་པའི་མི་རིགས་ཤིག།
ཤ་རྐང་རུས་གསུམ་བསེད་པའི་ཆགས་གྲུམ་ནང་།།
བོད་མའི་སྐྱིད་སྡུག་མཉམ་མྱོང་བརྗེད་ཐབས་བྲལ།།
ཁྱོད་ཀྱི་གདོང་ན་སྡུག་གི་གཉེར་མ་འདུས།།
ང་ཡི་མིག་ན་སྐྱོ་བའི་མཆི་མ་འཁོར།།
གཅིག་སེམས་གཅིག་ལ་འཕྲེང་བའི་རུམ་ཁ་ནས།།
དྲོ་གྲང་སྐྱིད་སྡུག་མཉམ་མྱོང་བརྗེད་ཐབས་བྲལ།།

ཁྱོད་ཀྱི་སེམས་ན་འགྱུར་མེད་དུང་བ་ཟབ།།
ང་ཡི་ངག་ན་གླུ་སྐད་གཉོམ་པོ་ཞིག།
བརྩེ་སེམས་ཟེགས་མ་འཐོར་བའི་འཇིག་རྟེན་ནས།།
ལས་དབང་སྐྱིད་སྡུག་མཉམ་མྱོང་བརྗེད་ཐབས་བྲལ།།

ཁྱོད་ཀྱི་ངག་ན་ཡིག་དྲུག་དབྱངས་སུ་འཁྱིལ། །
ང་ཡི་ལག་ན་མྱ་ངན་དར་ཆ་འགུལ།།
གོད་ཆག་གནམ་ནས་ལྷུང་བའི་དཀའ་སྡུག་འོག།
རིགས་ཞེན་སྐྱིད་སྡུག་མཉམ་མྱོང་བརྗེད་ཐབས་བྲལ།

སེམས་ཚོར་ངག་ནས་འཁྲོལ་བའི་དབང་མེད་ཁར།།
ས་ཆེན་གཡོས་པའི་སྡུག་བསྔལ་འཕར་མ་བྱིན།།
ཁྲི་ཕྲག་རྣམ་ཤེས་རྒྱུ་བའི་དུར་ས་ནས།།
བོད་མིའི་སྐྱིད་སྡུག་མཉམ་མྱོང་བརྗེད་ཐབས་བྲལ།།

No comments:

Post a comment