བརྩེ་དུང་གི་སྐྱོ་གར།

༈ བརྩེ་དུང་གི་སྐྱོ་གར། རྩོམ་པ་པོ། ལི་ཐང་དབྱིག་གཉེན།
སྐྱོ་བའི་ངུ་ངག་རླུང་གིས་ཁྱེར་སོང་།།
མིག་ཆུའི་ཐིགས་པ་ས་རུ་འཐོར་སོང་།།
ཁྱེད་ཉིད་དྲན་པའི་གདུང་བ་ལྕི་མོས།།
ང་ཡི་སྙིང་ལ་རྨ་ཁ་བཟོས་སོང་།།
དུང་བའི་སེམས་པ་རྒྱང་ལ་བསྐུར་ཡོད།།
བརྩེ་བའི་སྙིང་གཏམ་སྙིང་དུ་ཉར་ཡོད།།
བརྩེ་དུང་འདི་ཡི་སྐྱོ་གར་ཕྲ་མོ།།
ངེད་གཉིས་བར་གྱི་ཨག་སྐད་ཡིན་སོང་།།

མགོ་བོ་མལ་དུ་དལ་གྱིས་བཞག་གིན།།
ལག་ཟུང་གཉིས་ཀ་བྲང་དུ་བསྡུས་ཏེ།།
ཉིད་ཀྱི་ཕྱོགས་སུ་བསམ་གཞིག་བགྱིས་དུས།།
ང་ཡི་སྙིང་ལ་ན་ཟུག་བསླངས་སོང་།།

ཟུག་གཟེར་ཞིག་གི་གོ་རིམ་ཁྲོད་ན།།
ཁྱེད་ལ་དུང་བའི་རྨི་ལམ་མང་བས།།
སེམས་པ་སེམས་པར་སྤྲེལ་བའི་ཐག་སྣེ།།
ནམ་ཡང་ལྷོད་པའི་དུས་ཤིག་མི་གདའ།།

No comments:

Post a Comment