གངས་རི།

གངས་རི།       རྩོམ་པ་པོ། རས་པ་ལགས། 

གནམ་སྔོན་མཐའ་ཡི་ཤེལ་གྱི་མཆོད་རྟེན།
སྙིང་སྟོབས་ཀྱི་བྱུང་བ་གསལ་བའི་མེ་ལོང་དཀར་པོ།
ཁེངས་ལོག་གི་གཏམ་རྒྱུད་སྦས་པའི་སྲིད་པའི་ཡིག་ཚང་།
ང་ཡི་འཁོར་བའི་མཐའ་ན་གངས་རི་ལགས།
ཁྱོད་ནི་ཨེ་ཤ་ཡའི་དབུ་རྩེར་སྒྲེང་བའི་དར་ཆ་ཞིག་ཡིན་ལགས།

གནམ་སྔོན་མཐའ་ཡི་ཤེལ་གྱི་མཆོད་རྟེན།
བཙན་པོའི་སྙིང་ལ་གྲང་བ་ཐེབས་པའི་འཁྱག་རོམ་དཀར་པོ།
ཁྱེད་ཉིད་སྐྱོ་བའི་མིག་ཆུ་བདག་གི་ལུས་ལ་བགོས།
ང་ཡི་སེམས་ཀྱི་མཐའ་ན་གངས་རི་ལགས།
ཉི་མའི་དྲོད་ཀྱིས་མ་བཞུ་བའི་སྟོབས་ཤུགས་དེ་སུ་ཡིས་བསྩལ་ལགས།

གནམ་སྔོན་མཐའ་ཡི་ཤེལ་གྱི་མཆོད་རྟེན།
དམག་དཔུང་དབུ་རྨོག་མཐོ་བའི་མདུང་རྩེའི་བ་དན་དཀར་པོ།
གཞོན་ནུའི་སེམས་སུ་འཕོག་སྟེ་བྲེལ་བའི་ན་ཟུག་བསྐྱེད།
ང་ཡི་ཚེ་གྲོགས་མཉམ་དུ་གངས་རི་ལགས།
མཐོ་སྒང་དུ་དབུ་འཕང་དམའ་བའི་སྐྱོ་བ་དེ་ག་དུས་སེལ་ལགས།

2 comments:

  1. དྲ་བ་ཡག་གི བོད་མི་རིགས་ཀྱི་དོན་དུ་ཕྱག་ལས་གནང་བར་དགའ་བསུ་ཞུ

    ReplyDelete
  2. ཁྱེད་ཀྱིས་ཐུགས་སྣང་གནང་པར་ཁ་དྲོ་ཞུ།

    ReplyDelete