རྗེས་དྲན་གྱི་གདུང་དབྱངས།

༄༅། །རྗེས་དྲན་གྱི་གདུང་དབྱངས།རྩོམ་པ་པོ།འཆམ་ར་དྲི་མེད་རྒྱལ་མཚན།
༄། །སེང་དཀར་མོ་འཁོར་ས་གངས་ཀྱི་རི།།
གངས་མེ་ཏོག་བཞད་ས་ཁ་བའི་ལྗོངས།།
ཁྱེད་མེད་པའི་ས་ནག་སྐམ་པོ་ནས།།
སེང་དཀར་མོའི་མིག་མཐའ་མཆིལ་མ་རེད།།
༧བླ་མ་མཁྱེན་ནོ། གྲུབ་དབང་པདྨ་ནོར་བུ་མཁྱེན་ནོ།།

སེམས་བསམ་པ་འཁོར་སའི་བླ་མ་ལགས།།
ཡིད་དད་པ་བྱེད་ས་སྐྱབས་ཀྱི་མཆོག།།
ཁྱེད་མེད་པའི་སྡུག་གི་ཕ་ས་ནས།།
ངེད་སློབ་བུའི་མིག་མཐར་འཆིལ་མ་རེད།།
༧བླ་མ་མཁྱེན་ནོ། གྲུབ་དབང་པདྨ་ནོར་བུ་མཁྱེན་ནོ།།

དགུང་ཉི་མ་གཟིམ་པའི་འཇིག་རྟེན་ནས།།
མཚན་མུན་པ་ནག་པོས་བཙན་ས་བཟུང་།།
མཚན་སྨག་ནག་ནང་གི་སེམས་ཅན་ཚོ།།
གནས་གང་དུ་ཕྱིན་ཀྱང་སྡུག་བསྔལ་རེད།།
༧བླ་མ་མཁྱེན་ནོ། གྲུབ་དབང་པདྨ་ནོར་བུ་མཁྱེན་ནོ།།

རྗེ་བླ་མ་གཤེགས་པའི་འཇིག་རྟེན་ནས།།
སྡུག་མིག་ཆུ་གཉིས་ཀྱི་ལོ་ཟླ་ཚེས།།
སྡུག་ཁུར་པོ་ལྕི་བའི་སློབ་བུ་རྣམས།།
གནས་གང་དུ་ཕྱིན་ཀྱང་སྐྱོ་སྣང་རེད།།
༧བླ་མ་མཁྱེན་ནོ། གྲུབ་དབང་པདྨ་ནོར་བུ་མཁྱེན་ནོ།།

2 comments:

  1. གཞས་ཚིག་འདི་བཙན་བྱོལ་ནང་གི་གླུ་པ་ནོར་བུ་བཀྲ་ཤིས་ལགས་ཀྱིས་བདམ་ཟིན་པས་དེ་ལུགས་དགོངས་འཇག་ཞུ། དྲ་བདག་གིས།

    ReplyDelete
  2. https://www.youtube.com/watch?v=pcmfyqgPlsI གཞས་ཚིག་འདི་ཉན་འདོད་ཚེ་ཁྱེད་ཀྱིས་དྲ་ཐག་འདིའི་སྟེང་དུ་ཕེབས་རོགས།

    ReplyDelete