ཨ་མར་འབོད་པ།

༈ ཨ་མར་འབོད་པ།  རྩོམ་པ་པོ། གཉན་མདང་ཕོ་ཉ།
༡ ཨ་མ་ལགས། ཨ་མ།
ངས་དྲན་བཞིན་པའི་ཨ་མ།
ཁྱེད་མེད་པའི་ས་མཐར་ནི་སྐྱ་སེང་ངེ་རེད།
སྤྲོ་སྣང་གི་ཁ་དོག་མི་འདུག
རྒྱང་རིང་ནས་རྒྱང་རིང་དུ་འཁྱམ་པའི་བུ་ང༌།
ས་ཕྱོགས་གང་དུ་སླེབས་ཀྱང་སེམས་པ་སྐྱོ་ལྷང་ལྷང༌།
ཨ་མ་ལགས།
ངས་དྲན་བཞིན་འདུག
ས་མཐའ་འདི་ནས། ངས་ཁྱེད་རང་དྲན་གྱིན་འདུག

༢ ཨ་མ་ལགས།
ཨ་མ། ངས་དྲན་བཞིན་པའི་ཨ་མ།
ཁྱེད་མེད་པའི་ས་མཐར་ནི་གྲང་ཤུལ་རེ་རེད།
བདེ་སྐྱིད་ཀྱི་དྲོད་མདངས་མི་འདུག
ཡུན་རིང་ནས་ཡུན་རིང་དུ་འཁྱམ་པའི་བུ་ང༌།
སྐྱེ་བོ་སུ་དང་འགྲོགས་ཀྱང་མིག་ཆུ་འབབ་ཆོག་ཆོག
ཨ་མ་ལགས། ངས་དྲན་བཞིན་འདུག
ས་མཐའ་འདི་ནས། ངས་ཁྱེད་རང་དྲན་གྱིན་འདུག

No comments:

Post a Comment