ལོ་ནག་ཅིག་གི་དྲན་ཤིང་།

༈ ལོ་ནག་ཅིག་གི་དྲན་ཤིང་། རྩོམ་པ་པོ། ལི་ཐང་དབྱིག་གཉེན།
༡༽རང་ཡུལ་གཞན་ལག་ཤོར་བའི་དུས་ཚིགས་གཅིག།།
སྤུན་གཉེན་མི་ཡུལ་འཁྱམ་པའི་ལོ་ཟླ་གཉིས།།
དགྲ་གཉེན་གྲོགས་ལ་བརྩི་པའི་དུས་རབས་གསུམ།།
བུ་མོ་ང་ཡི་དྲན་ཤིང་ཁུར་བོ་རེད།།
༢༽གཞོན་སྐྱེས་སྨྱུ་གུ་འབུས་པའི་དུས་རབས་གཅིག།།
སེམས་པ་ཕྱི་གླིང་འཁྲེང་བའི་ཉིན་ཞག་གཉིས།།
དམ་ཆོས་དགྲ་བོས་གཏོར་བའི་བར་ཆད་གསུམ།།
བུ་མོ་ང་ཡི་དྲན་ཤིང་ཁུར་བོ་རེད།།

༣༽ཚེ་སྲོག་གྲངས་མེད་བཞུད་བའི་དུས་ཚིགས་གཅིག།།
མཆོད་མེ་་ལྷབ་ལྷུབ་འབར་བའི་ཉིན་ཞག་གཉིས།།
བརྗེས་ཐབས་དབེན་པའི་ཕྱི་མིག་གཉོམ་པོ་གསུམ།།
བུ་མོ་ང་ཡི་དྲན་ཤིང་ཁུར་བོ་རེད།།

༤༽ཆར་བ་སིམ་སིམ་འབབ་པའི་ཉིན་ཞག་གཅིག།
ལྷགས་རླུང་འུར་འུར་ལྡང་བའི་ལོ་ཟླ་གཉིས།།
འཇོལ་མོའི་གསུང་སྙན་དྲན་པའི་མིག་ཆུ་གསུམ།།
བུ་མོ་ང་ཡི་དྲན་ཤིང་ཁུར་བོ་རེད།།

No comments:

Post a Comment