མེ་ལྕེའི་ནང་གི་བོད།

༈ མེ་ལྕེའི་ནང་གི་བོད། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
 མེ་ལྕེའི་ཚ་ངར་རེ་རེ། ཁྱེད་ཀྱི་སྙིང་སྟོབས་རེ་རེ།
དུང་དཀར་པོའི་ཡུལ་ལྗོངས་ཆགས་འདྲ་བོ།
སྡུག་སྨག་ནག་ནང་གི་ཁ་བ་ཅན།
ལྷབ་ལྷུབ་ཏུ་འབར་བའི་མེ་ལྕེའི་གསེང་ནས།
ལྷང་ལྷང་དུ་འབོད་པའི་གདུང་ངག་ཁྲོད་ནས།
ཇེ་དཀར་ཇེ་དཀར་རེད་བྱུང་།
ཇེ་གསལ་ཇེ་གསལ་རེད་བྱུང་།
མེ་སྟག་ཐར་ར་ར། མདུན་མཆོང་ཤིགས་སེ་ཤིག


མེ་ལྕེའི་ཚ་ངར་རེ་རེ། ཁྱེད་ཀྱི་སྙིང་སྟོབས་རེ་རེ།
འདྲེ་ནག་པོའི་ཁ་ལ་ཚུད་འདྲ་བོ།
བྱ་ཕུག་རོན་འདྲ་བའི་གངས་ཅན་པ།
ལྷབ་ལྷུབ་ཏུ་འབར་བའི་མེ་ལྕེའི་གསེང་ནས།
ལྷང་ལྷང་དུ་འབོད་པའི་གདུང་ངག་ཁྲོད་ནས།
ཇེ་གསོན་ཇེ་གསོན་རེད་བྱུང་།
ཇེ་ཐར་ཇེ་ཐར་རེད་བྱུང་།
མེ་སྟག་ཐར་ར་ར། མདུན་མཆོང་ཤིགས་སེ་ཤིག

No comments:

Post a Comment