མཛངས་མ་ཡེ་ཤེས་མཚོ་རྒྱལ།

༄།། མཛངས་མ་ཡེ་ཤེས་མཚོ་རྒྱལ། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
སེམས་ཀྱི་ཁ་དོག་གངས་རི་དཀར་པོས་བཟོས་ཡོད།།
རྟོགས་པའི་བསྟན་པ་དགུང་སྔོན་གནམ་ལ་རེག་ཡོད།།
ཤེས་རབ་འོད་ཀྱི་སྣང་བས་འཇིག་རྟེན་གསལ་ཡོད།།
བྱང་ཆུབ་སེམས་མས་ཁ་བ་ཅན་འདི་འཚོས་ཡོད།།

མཛེས་པའི་ལང་ཚོ་མེ་ཏོག་སྙིང་ཁུས་བཟོས་ཡོད།།
འཛུམ་པའི་ཞལ་རས་བཅོ་ལྔའི་ཟླ་བས་བསྐོར་ཡོད།།
གཤིས་རྒྱུད་བཟང་པོ་རབ་དཀར་བལ་གྱིས་བསླས་ཡོད།།
གནམ་གྱི་མཛངས་མས་ཁ་བ་ཅན་འདི་གཟིགས་ཡོད།།

ཤེས་བྱ་རིག་པའི་ཤེ་མས་ནང་ན་ཁེངས་ཡོད།།
རྨད་བྱུང་མཛད་པའི་སྤྲིན་གྱིས་གནམ་མཐའ་བཟུང་ཡོད།།
བྱིན་རླབས་སྦྲང་ཆར་སིལ་མས་ས་གཞི་བརླན་ཡོད།།
རྗེ་བཙུན་མ་འདིས་ཁ་བ་ཅན་འདི་བཏེགས་ཡོད།།

༢༠༡༧/༡༠/༢༨ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མའི་རི་མོ་ཞིག་མཇལ་ཞོར།

No comments:

Post a Comment