གླུ་དབྱངས་ཀྱི་སྲས་མོ།

༄།། གླུ་དབྱངས་ཀྱི་སྲས་མོ། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ངག་གི་དབྱངས་རྟ་དབྱངས་ཅན་ལྷ་མོས་བཟུང་ཡོད།།
འཇོ་སྒེག་སྟོང་གིས་སྙན་པའི་རོལ་མོ་འཁྲོལ་ཡོད།།
དགའ་སྐྱོ་འབུམ་གྱི་ཚོར་བ་ཐང་ལ་བཀྲམ་སོང་།།
འཇམ་དབྱངས་སྒྲོལ་མ་སེམས་ཀྱི་གཏིང་ན་སྙན་བྱུང་།།

གདངས་ཀྱི་འགྱུར་ཁུགས་འབའ་ཐང་པི་ཝང་དཀྲོལ་ཡོད།།
རྒྱུད་མང་སྐུད་པ་རྒྱ་མཚོའི་ཕ་རོལ་བཏགས་ཡོད།།
རྣ་བའི་རྣམ་ཤེས་དག་པའི་ཞིང་ཁམས་ཁྲིད་སོང་།།
འཇམ་དབྱངས་སྒྲོལ་མ་ཞིང་མཆོག་དེ་ན་སྙན་སོང་།།

སྐད་ཀྱི་སྙན་འགྱུར་བླ་མའི་རྒྱ་གླིང་བུས་ཡོད།།
འགྱུར་ཁུགས་རེ་ན་སེམས་ཀྱི་ན་ཟུག་སྦས་ཡོད།།
ཚོར་བ་ཡོད་ཚད་སྒྲ་དབྱངས་མཉམ་དུ་དཀྲོལ་སོང་།།
འཇམ་དབྱངས་སྒྲོལ་མ་ཚོར་བའི་ནང་ན་སྙན་བྱུང་།།

༢༠༡༧/༡༡/༧ (གྲགས་ཅན་གཞས་མ་འཇམ་དབྱངས་སྒྲོལ་མའི་སེམས་ཀྱི་ལྷ་མོ་)ཞེས་པའི་གླུ་གཞས་དེ་ཉན་ཞོར།
https://mp.weixin.qq.com/s/T8IAXuMX0ogIr8OcErlgpQ

No comments:

Post a Comment