འདི་བོད་རེད།


༈ འདི་བོད་རེད། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
༈ སྤང་མེ་ལོང་འདྲ་བའི་ཡང་སྟེང་ནས།
སེར་ཆེན་མེ་ཏོག་གིས་མཛེས་སྡུག་ངོམས།
རྟ་འདོ་བའི་འཚེར་སྒྲ་ལྷངས་སེ་ལྷང་།
ས་འདི་ནི་ང་ཡི་ཕ་ཡུལ་རེད།
ཡུལ་འདི་ནི་སྐྱིད་པའི་བོད་ཡུལ་རེད།
བོད་མགོ་ནག་མི་ཡི་ཕ་གཞིས་རེད།།

སྤང་བྲག་རྡོ་འདྲེས་པའི་རི་ངོས་ནས།
རྫ་ཆུ་བསིལ་མ་ཡིས་བཞུར་སྒྲ་སྒྲོག།
ལུག་གཡང་དཀར་འབར་སྒྲ་ལྡི་རི་རི།
ས་འདི་ནི་ང་ཡི་ཕ་ཡུལ་རེད།
ཡུལ་འདི་ནི་སྐྱིད་པའི་བོད་ཡུལ་རེད།
བོད་རྩམ་པ་གཟའ་མཁན་འདུག་ས་རེད།།

སྤང་ཤིང་ནགས་འདྲེས་པའི་རི་ཀླུང་ནས།།
བྱ་འདབ་ཆགས་ཚོགས་ཀྱིས་གྲེ་འགྱུར་ངོམས།
མ་འབྲི་མོས་ངུར་ཤང་ལྡི་རི་རི།
ས་འདི་ནི་ང་ཡི་ཕ་ཡུལ་རེད།
ཡུལ་འདི་ནི་སྐྱིད་པའི་བོད་ཡུལ་རེད།
བོད་ཆོས་ལ་དད་མཁན་འཚོ་ས་རེད།།

No comments:

Post a Comment