མ་བཅོས་སེམས་ཀྱི་དྲི་བ།

༈ མ་བཅོས་སེམས་ཀྱི་དྲི་བ།
  རྩོམ་པ་པོ་་་་་་་ཀླུ་སྨྱོན་ལགས།
དབུ་ཡི་སྐྲ་ལོ་རིང་བའི་ང་ཡི་གྲོགས་པོ་ལགས། །
ཁྱེད་རང་དེ་འདྲའི་ཕོ་གསར་རྫིག་མདོག་ཁ་བ་ལ། །
གྲོགས་པོ་ཁྱེད་རང་བོད་པའི་རིགས་རྒྱུད་ཨེ་ཡིན་ལགས། །
གལ་ཏེ་ཡིན་ན་བོད་སྐད་གཙང་མ་ཨེ་ཤེས་ལགས། །

 གདོང་ལ་དཀར་དམར་བྱུགས་པའི་ང་ཡི་གྲོགས་མོ་ལགས། །
ཁྱེད་རང་དེ་འདྲའི་མོ་གསར་མཛེས་མདོག་ཁ་བ་ལ། །
གྲོགས་མོ་ཁྱེད་རང་བོད་ཀྱི་མི་རིགས་ཨེ་ཡིན་ལགས། །
གལ་ཏེ་ཡིན་ན་བོད་པའི་ཡི་གེ་ཨེ་མཁྱེན་ལགས། །

 ལས་ཁུངས་ནང་ལ་བཞུགས་པའི་ང་ཡི་དཔོན་པོ་ལགས། །
ཁྱེད་རང་དེ་འདྲའི་དཔོན་པོ་འཇོན་མདོག་ཁ་བ་ལ། །
དཔོན་པོ་ཁྱེད་རང་མི་དམངས་དབུ་ཁྲིད་ཨེ་ཡིན་ནམ། །
གལ་སྲིད་ཡིན་ན་དམངས་ལ་ཞབས་ཞུ་ཨེ་བསྒྲུབས་ལགས། །

 ལག་ཏུ་གསེར་སྨྱུག་བཟུང་བའི་ང་ཡི་སློབ་ཕྲུག་ལགས། །
ཁྱེད་རང་དེ་འདྲའི་སློབ་ཕྲུག་སྤྱང་མདོག་ཁ་བ་ལ། །
སློབ་ཕྲུག་ཁྱེད་རང་བོད་པའི་སོན་རྩ་ཨེ་ཡིན་ནམ། །
གལ་སྲིད་ཡིན་ན་བོད་པའི་རིག་གནས་ཨེ་སྦྱངས་ལགས། །

1 comment:

  1. འདི་ངས་སྡམ་གི་ཡིན་
    རྩོམ་པ་པོ་ལ་སྙིང་ཐབས་པ་ནས་ཐུགས་རྗེ་ཆེ།

    ReplyDelete