རྣམ་དཔྱོད་ངོམ་དགོས།

༈ རྣམ་དཔྱོད་ངོམ་དགོས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
དཔའ་རྩལ་དཔའ་རྩལ་ཟེར་ནས་ཡོད་མདོག་བསྟན་ཀྱང་། །
རྣམ་དཔྱོད་དཔའ་རྩལ་མེད་ན་ཁ་ཕོས་ཅི་ཕན། །
ལུག་རྒན་རྡུང་ཁ་བརྒྱབ་ནས་ཀླད་ཁྲག་འདྲེས་འདུག །
གྲི་འགོ་འཕུར་རྒྱུ་མ་མང་གངས་ཅན་བོད་པ། །

མཐུན་སྒྲིལ་མཐུན་སྒྲིལ་ཟེར་བ་ཁ་ནས་བཤད་ཀྱང་། །
མཐུན་སྒྲིལ་ལག་ལེན་མེད་ན་ཚིག་གིས་ཅི་ཕན། །
ཨ་ཁུ་ནེ་ཙོ་ཡིན་ཡང་མ་ཎི་འདོན་བྱུང་། །
ནང་ཁུལ་ནང་དམེ་མ་བྱེད་གངས་ཅན་བོད་པ། །

རྒྱུ་ནོར་རྒྱུ་ནོར་ཟེར་ནས་ཕྱུག་མདོག་བྱས་ཀྱང་། །
བསམ་བློའི་རྒྱུ་ནོར་མེད་ན་གཞན་གྱིས་ཅི་ཕན། །
དུད་འགྲོ་སེམས་ཅན་ཡིན་ཡང་ཁ་ཟས་རག་འདུག །
ས་རྡོས་མགོ་སྐེ་མ་རྒྱན་གངས་ཅན་བོད་པ། །

རྒྱན་ཆ་རྒྱན་ཆ་ཟེར་ནས་འགྲན་བསྡུར་བྱས་ཀྱང་། །
ཤེས་རིག་རྒྱན་ཆ་མེད་ན་གཞན་གྱིས་ཅི་ཕན། །
མདོས་ཀྱི་གླུད་རྫས་ཡིན་ཡང་གསེར་དངུལ་གཡོག་འདུག །
རིག་གནས་རྒྱན་ཆ་ཐོགས་དང་གངས་ཅན་བོད་པ། །
༢༠༡༤།༩།༦

No comments:

Post a comment