༈ ལང་ཚོའི་གླུ་གཞས། རྩོམ་པ་པོ་་་་ཀླུ་སྨྱོན་ལགས།
དཔྱིད་ཀྱི་དཔལ་ཡོན་དལ་བུར་ས་གཞིའི་ཕང་བར་བསླེབས། །
སྤྲིན་པ་དཀར་པོ་ག་ལེར་ནམ་མཁའི་དབྱིངས་སུ་འཕྱུར། །
འཇིག་རྟེན་འདི་ཡི་བདེ་སྐྱིད་བུ་མོའི་བཞིན་རས་འདྲ། །
གཞོན་པའི་བརྩེ་བ་འགོག་ཐབས་མེད་པར་ཁྱེད་ལ་ཤོར། །
སྤྲིན་པ་ནག་པོ་འཁྲིགས་པ་སེར་བའི་ཕོ་ཉ་ལགས། །
གྲང་རླུང་ཤུར་ཤུར་ལྡང་བ་ལོ་འདབ་བསྙིལ་བའི་མཚོན། །
བུ་མོ་དངུལ་ལ་ཆགས་པ་བརྩེ་བ་འདོར་བའི་རྟགས། །
གཞོན་པའི་སྙིང་གི་མེ་ཏོག་གཞི་ནས་རྙིད་མགོ་ཚུགས། །
མེ་ཏོག་འདབ་མ་བཞད་ནས་ས་གཞིའི་ཕང་བར་འཐོར། །
ཁུ་བྱུག་མོན་ནས་ལོག་སྟེ་ཡང་སྐྱར་མོན་ལ་འཕུར། །
བུ་མོའི་ཚིག་གསུམ་དམ་བཅའ་ཆུ་ཡི་རི་མོ་འདྲ། །
གཞོན་པ་ང་ཡི་མི་ཚེ་བུ་མོས་སྟོང་བར་བསྐྱུར། །
དྲིན་ཅན་ཕ་མ་བཞག་ནས་མི་ཡུལ་ས་མཐར་བསླེབས། །
བུ་མོ་ཁྱེད་ལ་ཕྲད་ནས་ཐོག་མའི་བརྩེ་བ་རྙེད། །
ད་ནི་ཁྱེད་ཀྱི་སེམས་པ་འབྱོར་ལྡན་མི་ཡིས་ཉོས། །
ང་ཡི་ལང་ཚོའི་མེ་ཏོག་གཞི་ནས་ས་ལ་ཐིམ། །
No comments:
Post a Comment