ཤེས་རིག

༈ ཤེས་རིག     རྩོམ་པ་པོ། སེར་ཤུལ་རིན་ཆེན་དོན་གྲུབ།
༈ ཤེས་རིག་འཛམ་གླིང་ལ་ལྟ་བའི་མིག་ཟུང་ཡིན།
ཤེས་རིག་གཏན་བདེ་སྒྲུབ་པའི་ཐབས་མཆོག་ཡིན།
དུས་རབས་གསར་བའི་གཞོན་སྐྱེས་ཚོ།
ཤེས་རིག་སློབ་དུ་ཕེབས་དང་
ང་ཚོའི་མདུན་ལམ་ལ་གཟི་འོད་འཕྲོ་ངེས།

 ཤེས་རིག་རིན་ཐང་སྦྱིན་པའི་དམ་པ་ཡིན།
ཤེས་རིག་ལྷན་འཛོམས་བསུ་བའི་ཕོ་ཉ་ཡིན།
གངས་ཅན་བོད་ཀྱི་ན་གཞོན་ཚོ།
བརྩོན་པའི་བློ་གྲོས་ངོམ་དང་
ང་ཚོའི་དམིགས་འདུན་ལ་རེ་བས་འཁྱུད་ངེས།

 ཤེས་རིག་རང་དབང་འདྲེན་པའི་ཤིང་རྟ་ཡིན།
ཤེས་རིག་རྫོགས་ལྡན་འབོད་པའི་དུང་སྒྲ་ཡིན།
ལས་དབང་གཅིག་པའི་བོད་པ་ཚོ།
མཁས་པའི་རྒྱལ་སར་སྐྱོད་དང་
ང་ཚོའི་འཚོལ་སྙེག་ལ་རྒྱལ་ཁའི་འོད་རླབས་འཕྱུར་ངེས།

 རྣམ་དཔྱོད།་མཐོ་སྒང་བོད་ཀྱི་རྒྱན་ཆ་ཡིན།
ཀུན་སྤྱོད།་བསིལ་ལྗོངས་བྷོ་ཏྲའི་ཁྱད་ནོར་ཡིན།
ཤ་རུས་འབྲེལ་བའི་སྤུན་ཟླ་ཚོ།
མགོ་བོ་གྱེན་དུ་སྒྲེངས་དང་
ང་ཚོས་རྟེན་འབྲེལ་ལ་དགེ་བའི་ཤིས་དབྱངས་འབོད་དོ།།

No comments:

Post a Comment